
ནོར་བུ་བཟང་མོ།
སྤྱི་ཟླ་ ༤ པའི་ཚེས་ ༣ ལས་ ༥ ཚུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ གཞུང་འབྲེལ་གཟིགས་སྐོར་གྱི་དོན་ལས་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ རྒྱ་གར་གཞུང་གིས་ ཆུ་ཁ་གློག་མེ་འཕྲུལ་ཁང་ལས་ ཐོན་སྐྱེད་འབད་མི་ གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་ ༢.༥༥ རེ་ལས་ དངུལ་ཀྲམ་ ༣ རེ་ལུ་ ཡར་སེང་འབད་ནི་གི་ ཁས་ལེན་འབད་ནུག།
དེ་ཡང་ དར་ལའི་གློག་མེ་ཕྱིར་ཚོང་གི་ གོང་ཚད་ལས་ བརྒྱ་ཆ་ ༡༧ དེ་ཅིག་གིས་ ཡར་སེང་འགྱོ་ནི་ཨིནམ་ད་ ཆུར་བརྟེན་གློག་མེ་མཉམ་འབྲེལ་དེ་ རྒྱ་འབྲུག་གི་ ཟུང་ཕྱོགས་དཔལ་འབྱོར་གྱི་དོན་ལུ་ མཉམ་འབྲེལ་གཙོ་ཅན་ཅིག་ཨིན་པས།
དེ་བཟུམ་མའི་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཚུ་ རྒྱལ་ཁབ་ ༢ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་བའི་ཤུལ་ལུ་ འབྲུག་གིས་ གློག་མེ་ཕྱིར་ཚོང་འབད་དེ་ འོང་འབབ་ཚུ་ རྒྱུན་ཆད་མེད་པར་ཐོབ་པའི་ ཁེ་ཕན་དང་ རྒྱ་གར་ལུ་ ནུས་ཤུགས་རྒྱུན་བརྟན་སྦེ་ ཐོབ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ ཆིབས་སྐྱོད་གནང་པའི་སྐོར་ལས་ གཞུང་ ༢ མཉམ་འབྲེལ་ཐོག་ལས་ གསར་བཏོན་འབད་མི་ གནས་ཚུལ་ནང་བཀོད་ནུག།
རྒྱ་འབྲུག་ ༢ ཀྱིས་ ཟུང་ཕྱོགས་གློག་མེ་མཉམ་འབྲེལ་གྱི་ གནད་དོན་ཚུ་ལུ་ བསྐྱར་ཞིབ་འབད་དེ་ གློག་ཤུགས་བསྡོམས་ མེ་ག་ཝཱཊ་ ༢,༡༣༦ ལུ་ ལྷོད་ཚུགས་མི་ལུ་ ངལ་རངས་ཡོད་ལུགས་དང་ གློག་མེ་འཕྲུལ་ཁང་ཚུ་ཡང་ ལག་ལེན་ལེགས་ཤོམ་སྦེ་ འཐབ་སྟེ་ཡོད་པའི་ཁར་ གློག་ཤུགས་མེ་ག་ཝཱཊ་ ༧༢༠ འབད་མི་ མང་སྡེ་ཆུ་ གློག་མེ་འཕྲུལ་ཁང་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་གཞུང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གློག་ཤུགས་མེ་ག་ཝཱཊ་ ༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༢ པའི་ ལཱ་གི་གྲུབ་འབྲས་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ ལས་འགུལ་དེ་ནང་ལས་ སྤྱི་ལོ་ ༢༠༢༤ གི་ཧེ་མར་ གློག་མེ་གཏོན་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ རྒྱ་འབྲུག་ ༢ ཀྱིས་ གློག་མེའི་སྤྱོད་ཁྲལ་སྐོར་ལས་ གསུང་གྲོས་གནང་སྟེ་ ལམ་ལུགས་ཚུ་ གང་མགྱོགས་སྦེ་ མཇུག་བསྡུ་ནི་ཨིན་པའི་ ཁས་ལེན་ཡང་འབད་ནུག།
འབྲུག་གིས་ གནམ་དགུན་གྱི་ དུས་ཚོད་ཁར་ འབྲུག་ནང་འཁོད་ཀྱི་ མཁོ་འདོད་འགྲུབ་ཐབས་ལུ་ གློག་མེ་ནང་འདྲེན་འབད་ཚུགས་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་པའི་ཁར་ རྒྱ་གར་གཞུང་གིས་ གློག་ཤུགས་མེ་ག་ཝཱཊ་ ༦༤ འབད་མི་ བ་སོ་ཆུ་ གློག་མེ་འཕྲུལ་ཁང་ལས་འང་ རྒྱ་གར་ལུ་ བཙོང་ནི་གི་ ཞུ་བ་འབད་མི་ལུ་ཡང་ ངོས་ལེན་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་གཉིས་ཆ་ར་གིས་ གློག་མེ་ལས་སྡེ་ལུ་ མཉམ་འབྲེལ་འབད་ནི་དེ་ གལ་གནད་ཅན་ཅིག་སྦེ་ ངོས་ལེན་འབད་བའི་ཁར་ སཱུན་ཀོཤ་གློག་མེ་ལས་འགུལ་བརྩིས་ཏེ་ གློག་མེ་ལས་འགུལ་གསརཔ་ཚུ་ བཟོ་བསྐྲུན་གྱི་ བྱ་སྒོའི་ལམ་ལུགས་ཚུ་ཡང་ འཕྲལ་མཁོ་ཅན་སྦེ་ བསྐྱར་ཞིབ་དང་ གྲོས་ཆོད་ཀྱི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།
འབྲུག་གིས་ དངུལ་འབྲེལ་རྒྱབ་སྐྱོར་དང་ གློག་མེ་འཕྲུལ་ཁང་གསརཔ་ བཟོ་བསྐྲུན་འབད་ནི་དང་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ གློག་མེའི་ཚོང་ལམ་སྐོར་ལས་ ཞུ་བ་འབད་མི་ལུ་ཡང་ རྒྱ་གར་གཞུང་གིས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
འབྲུག་དང་ རྒྱ་གར་གྱིས་ གློག་མེ་མིན་པའི་ སླར་འབྱུང་ཐོན་སྐྱེད་ ཉི་དྲོད་དང་ རླུང་མ་ དེ་ལས་ སྔོ་ལྗང་ཚུ་ གཞི་བཙུགས་འབད་མི་ལུ་ཡང་ མཉམ་འབྲེལ་འབད་ནི་གི་ ཁས་ལེན་འབད་བའི་ཁར་ རྒྱ་གར་གཞུང་གིས་ ལས་འགུལ་དེ་ཚུའི་ནང་ དགོས་མཁོ་ཅན་གྱི་ ཐབས་ལམ་དང་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནི་ལུ་ཡང་ ཁས་ལེན་འབད་ནུག།
འབྲུག་དང་ བང་ལ་དེཤ་ རྒྱ་གར་ ༣ གྱི་བར་ན་ གློག་མེ་མཉམ་འབྲེལ་གྱི་ གྲོས་འཆར་བཀོད་མི་ལུ་ཡང་ ནུས་ཤུགས་ལས་སྡེ་རྩིས་ཏེ་ ལུང་ཕྱོགས་མཉམ་འབྲེལ་འབད་ནི་ལུ་ཡང་ ཁས་ལེན་འབད་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕན་ཚུན་དཔལ་འབྱོར་གྱི་ ཁེ་ཕན་འོང་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གཞུང་གིས་ འཆར་གཞི་ ༡༣ པའི་ནང་ཡང་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་འབད་མི་དང་ འཆར་གཞི་ ༡༢ པའི་ ལས་སྣ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ མ་དངུལ་ཚུ་ དུས་ཚོད་ཁར་ བྱིན་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ ད་རེས་ རྒྱ་གར་གཞུང་གིས་ མ་དངུལ་བརྒྱ་ཆ་ ༩༠ དེ་ཅིག་ འཛིན་གྲོལ་འབད་ནུག།
ད་རུང་ རྒྱ་གར་གྱིས་ དངུལ་སྐྱེད་མར་ཕབ་ཐོག་ལུ་ གནས་སྐབས་ཀྱི་ སྐྱིན་འགྲུལ་མཐུན་རྐྱེན་ བྱིན་མི་དང་ དངུལ་སྐྱེད་ཀྱི་ དུས་ཚོད་ཕར་འགྱངས་ དེ་ལས་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༢༠༠ གི་ རུ་པི་བརྗེ་སོར་གྱི་ རྒྱབ་སྐྱོར་ཁ་སྐོང་འབད་མི་ལུ་ཡང་ འབྲུག་གི་ཧོངས་ལས་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གར་གཞུང་ལས་ གནས་སྐབས་ཀྱི་ སྐྱིན་འགྲུལ་མཐུན་རྐྱེན་དེ་ཡང་ ལོ་ལྔའི་རིང་ལུ་ ཕར་འགྱངས་འབད་ནི་ཨིན་པས།
དེ་ལས་ ཚོང་འབྲེལ་དང་ འཕྲུལ་རིག་ ས་མཚམས་མཐུད་འབྲེལ་དང་ སྤྱི་མཐུན་མ་རྩ་གཞི་བཙུགས་ནང་ ཟུང་ཕྱོགས་མཐུན་འབྲེལ་ ལྷག་པར་དུ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ འབྲུག་ལས་ སོ་ནམ་མཁོ་ཆས་ཚུ་ ཕྱིར་ཚོང་འཐབ་ནི་དང་ རྒྱ་གར་ལས་ དགོས་མཁོ་ཅན་གྱི་ སོ་ནམ་མཁོ་ཆས་ཚུ་ ནང་འདྲེན་འབད་ནི་གི་ ཡུན་བརྟན་བདེ་སྒྲིག་ལུ་ཡང་ ལཱ་ཚུ་འབད་ནི་ཨིན་པའི་ ཁས་ལེན་འབད་ནུག།
དེ་བཟུམ་སྦེ་ འབྲུག་ལུ་ ས་སྣུམ་དང་ ལུད་ རྡོ་སོལ་ལ་སོགས་པ་ གལ་ཆེ་བའི་ ཅ་ཆས་ཚུ་ཡང་ བཀྲམ་སྤེལ་ངེས་བརྟན་བཟོ་ཐབས་ལུ་ ཡུན་རིང་གི་ ཟུང་ཕྱོགས་མཐུན་ འབྲེལ་ བདེ་སྒྲིག་ཚུ་ འཚོལ་ཞིབ་འབད་ནི་དང་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་ལྟེ་བ་ཅིག་ཨིན་མི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་དང་ ཕུན་ཚོགས་གླིང་ལུ་ རྒྱ་འབྲུག་ས་མཚམས་བདའ་སྟེ་ རྒྱ་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་བཀོད་འབད་ནི་ལུ་ཡང་ ངོས་ལེན་འབད་ཡོདཔ་ཨིན་པས།
དེ་ལས་ རྒྱ་གར་གྱིས་ རེ་ལི་ལམ་གྱི་ བཟོ་རིག་དང་ འཕྲུལ་རིག་བརྟག་ཞིབ་ མཇུག་བསྡུ་ཡོད་མི་ལུ་ གཞིར་བཞག་སྟེ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་དང་ གྲོས་སྟོན་འབད་དེ་ ཨ་སམ་གྱི་ཁྲོམ་སྡེ་ ཀོག་ར་ཇར་དང་ དགེ་ལེགས་ཕུག་ ༢ མཐུད་འབྲེལ་ས་མཚམས་ལུ་ རེ་ལི་སྦྲེལ་མཐུད་ལས་འགུལ་གྱི་ གྲོས་འཆར་བཀོད་ཡོད་མི་དེ་ཡང་ མདུན་བསྐྱོད་འབད་ནི་ཨིནམ་ད་ རྒྱ་འབྲུག་གི་བར་ན་ འགོ་དང་པ་ཨིན་མི་ རེ་ལིའི་ལས་འགུལ་དེ་ རྒྱལ་རབས་ཅན་ཅིག་ འོང་ནི་ཨིན་པའི་གུ་ ལུང་ཕྱོགས་གཞི་རྟེན་སྦྲེལ་མཐུད་ཡང་ རྒྱ་སྐྱེད་གཏང་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་དོན་ལུ་ རྒྱལ་སྤྱི་ཡོངས་འབྲེལ་ ༣ པ་དེ་ ལག་ལེན་གང་མགྱོགས་འཐབ་ཐབས་ལུ་ རྒྱ་གར་གཞུང་གིས་ ལག་ལེན་ཟད་འགྲོ་ མར་ཕབ་འབད་ནི་གི་ ཁས་ལེན་འབད་ཡོདཔ་ད་ ཟུང་ཕྱོགས་དང་ ལུང་ཕྱོགས་ཚོང་འབྲེལ་ རྒྱ་སྐྱེད་ཀྱི་དོན་ལུ་ ཆུ་ལམ་སྦྲེལ་མཐུད་ གོང་འཕེལ་གཏང་ནི་ལུ་ཡང་ མདུན་བསྐྱོད་དང་ རྒྱ་འབྲུག་གི་བར་ན་ ས་ཐོག་ལམ་འགྲུལ་འབད་མི་ རྒྱལ་ཁབ་ ༣ པའི་ མི་ངོམ་ཚུ་ འཐོན་འཛུལ་ནང་ ལྷན་ཐབས་འབད་ནིའི་དོན་ལས་ འབྲུག་དང རྒྱ་གར་ཨ་སམ་གྱི་བར་ན་ ཕྱི་མི་ཞིབ་དཔྱད་སྒོ་ར་ ཁ་སྐོང་རྐྱབ་ནི་གི་ ལཱ་ཚུ་ཡང་འབད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ ༢ མཉམ་འབྲེལ་ཐོག་ལས་ འགོ་ཐོག་འཕྲུལ་སྐར་ འགོ་འབྱེད་འབད་བའི་ཁར་ ཐིམ་ཕུ་ལུ་ འཕྲུལ་སྐར་གྱི་ གཞི་རྟེན་ལྟེ་བ་ཅིག་ཡང་ འགོ་འབྱེད་འབད་ནུག།
མཉམ་འབྲེལ་འཆར་གཞིའི་ དང་ལེན་ནུས་ཤུགས་ཅན་བཟོ་སྟེ་ གནམ་སྟོང་འཕྲུལ་རིག་ལས་སྡེའི་ནང་ མཉམ་འབྲེལ་ལེགས་ཤོམ་ བཟོ་ནི་དང་ ཟུང་ཕྱོགས་མཐུན་འབྲེལ་ནང་ མ་འོངས་པའི་ ན་གཞོན་ཚུ་ སེམས་ཁར་བཞག་སྟེ་ རིག་རྩལ་གོང་འཕེལ་དང་ ཤེས་རིག་ནང མཉམ་འབྲེལ་ཚུ་ཡང་ སྒྲིང་སྒྲིང་བཟོ་ནི་ཨིན་པས།
རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་ཌི་ མུར་མུ་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ ཆིབས་བསྐྱོད་གནང་སྟེ་ རྒྱལ་ ཁབ་ ༢ ཀྱི་བར་ན་ དུས་རྒྱུན་གྱི་ ཆེ་མཐོའི་གསུང་གྲོས་ རྩ་བརྟན་བཟོ་གནང་ཡོདཔ་མ་ཚད་ ཟུང་ཕྱོགས་མཐུན་འབྲེལ་ བསྐྱར་ཞིབ་དང་ མཛའ་བཤེས་མཐུན་འབྲེལ་དམ་ཟབ་གནས་ཡོད་མི་འདི་ཡང་ ལྷག་པར་དུ་ གོང་འཕེལ་འགྱོ་ནི་ཨིན་པའི་གནས་ཚུལ།




Users Today : 2593
Users Yesterday : 4073
This Month : 115068
This Year : 552061
Total Users : 1263877
Views Today : 6722
Total views : 3334453
Who's Online : 20