འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༩ པ་ སྤྱི་ཟླ་ ༦ པའི་ནང་ འཚོགས་གནང་ནི།

འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༩ པ་ སྤྱི་ཟླ་ ༦ པའི་ནང་ འཚོགས་གནང་ནི་གི་ ལས་འཆར་ཡོདཔ་ལས་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་དང་ ལས་སྡེ་ ས་གནས་གཞུང་ཚུ་གིས་ གོང་འཕེལ་དང་འབྲེལ་བའི་ གནད་དོན་མིན་པར་ གཞན་གལ་ཆེ་བའི་ གནད་དོན་རེ་ གསུང་གྲོས་གནང་དགོཔ་ཡོད་མི་ཚུ་ སྤྱི་ཟླ་ ༥ པའི་ཚེས་ ༡༢ ཀྱི་ ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ ལྷོད་དགོ་ཟེར་ཨིན་པས།
དེ་ཡང་ གྲོས་གཞི་སྔོན་འགྲོའི་ ཞལ་འཛོམས་ནང་ བཙུགས་ཐབས་ལུ་ཨིནམ་བཞིན་དུ་ གལ་སྲིད་ གོང་ཚེས་ཀྱི་ ནང་འཁོད་ལུ་ མ་ལྷོད་པ་ཅིན་ གནད་དོན་ཚུ་ ག་དེམ་ཅིག་ར་ གལ་ཆེ་རུང་ ཚོགས་ཐེངས་དེ་ནང་ བཙུགས་ཐབས་མེད་ཟེར་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ལས་ བཀྲམ་སྤེལ་འབད་མི་ གསལ་བསྒྲགས་ཅིག་ནང་བཀོད་ནུག།
ཚོགས་འདུ་དེ་ནང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་སོ་སོ་ལས་ སྙན་ཞུ་དང་ གྲོས་གཞི་རེ་ ཕུལ་ནི་ཡོད་མི་ཚུ་ རྫོང་ཁ་དང་ ཨིང་ལིཤ་སྐད་ཡིག་ ༢ ཟུང་འབྲེལ་ཐོག་ལུ་ ཕུལ་དགོ་པའི་ཁར་ ལྷན་ཁག་དང་ ལས་སྡེ་ཚུ་གི་ སྙན་ཞུ་དང་ གྲོས་གཞི་ དཔྱད་ཡིག་དང་ མཐུན་གྲོས་རེ་ ཕུལ་ནི་ཡོད་མི་ཚུ་ཡང་ རྫོང་ཁ་དང་ ཨིང་ལིཤ་སྐད་ཡིག་ ༢ ཟུང་འབྲེལ་ཐོག་ལུ་ སྔར་ག་ཨིནམ་སྦེ་ ལྷན་རྒྱས་གཞུང་ཚོགས་བརྒྱུད་དེ་ གང་མགྱོགས་ཕུལ་དགོ་ཟེར་ཨིན་པས
དེ་ལས ས་གནས་གཞུང་ངམ་ རྫོང་ཁག་ཚུ་ལས་ གོང་འཕེལ་དང་ འབྲེལ་བ་མེད་པའི་ གནད་དོན་གལ་ཅན་གྱི་ ཞུ་ཡིག་རེ་ ཕུལ་ནི་ཡོད་མི་ཚུ་ཡང་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ ཁྲི་འཛིན་དང་ རྫོང་བདག་གི་ ལག་བྲིས་དང་བཅསཔ་སྦེ་ ཕུལ་དགོཔ་སྦེ་ གསལ་བསྒྲགས་ནང་བཀོད་ནུག།
རྩ་ཁྲིམས་ཅན་གྱི་ གཙུག་སྡེ་དང་ ལྷན་ཁག་དང་ ལས་ཁུངས་ ལས་སྡེ་ཁག་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ སྙན་ཞུ་ལ་སོགས་པའི་ ཡིག་ཆ་ཚུ་ ག་ཅི་ར་ ཕུལ་ནི་ཡོད་རུང་ རྫོང་ཁའི་ཐོག་ལུ་ ཚུལ་ལྡན་སྦེ་ ཕུལ་དགོཔ་བཞིན་དུ་ དེ་མིན་པར་ ཨིང་སྐད་ཐོག་ལུ་ ཕུལ་བ་ཅིན་ དྲུང་ཆེན་ཡིག་ཚང་གི་ ཁ་ཐུག་ལས་ སྙན་ཞུའི་ཡི་གུ་ཚུ་ དགོས་མཁོ་ག་དེ་སྦེ་ར་ཡོད་རུང་ ངོས་ལེན་འབད་མི་ཚུགས་ཟེར་ བཀོད་ཡོད་པའི་གནས་ཚུལ།

Please follow and like us: