
པདྨ་དབང་འདུས།
ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ཞི་གཡོག་གཞི་སྒྱུར་དང་འཁྲིལ་ཏེ་ ལྷན་ཁག་ ༡༠ ཡོད་མི་དེ་ ལྷན་ཁག་ ༩ ལུ་ མར་ཕབ་འབདཝ་ལས་ ཧེ་མའི་བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ ཁས་བླངས་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ནང་ལས་ དགོངས་ཞུ་འབད་ནུག།
དེ་ཡང་ བློན་པོ་ཀརྨ་རྡོ་གནོན་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ དེ་སྦེ་ དགོངས་ཞུ་འབད་མི་དེ་གིས་ གཞི་སྒྱུར་གསར་བཏོད་ཀྱི་ ལས་རིམ་ལུ་ གལ་གནད་ཆེ་བའི་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ངལ་རངས་ཡོད་ལུགས་དང་ ལས་སྡེ་ཁག་ཚུ་ མཉམ་བསྡོམས་དང་ ཆ་མེད་ དེ་ལས་ ལ་ལོ་ཅིག་ གསར་བཙུགས་འབད་མི་དེ་ རྒྱལ་ཁབ་ནང་ སྔར་ལས་ལྷག་པའི་ ཡར་འཕེལ་གྱི་དོན་ལུ་ཨིནམ་སྦེ་ བཤདཔ་ཨིན་པས།
དེ་མ་ཚད་ རྒྱལ་ཁམས་ལུ་ ཕན་རླབས་ཆེ་བའི་ གཞི་སྒྱུར་དེ་ ནུས་རྩལ་ཅན་དང་ སྲ་བརྟན་ཡོདཔ་ བཟོ་ནིའི་ནང་ ང་བཅས་ག་ར་ མཐུན་སྒྲིག་ཅན་གྱི་ ཆ་ཤས་ཅིག་ཡང་ཨིན་ཟེར་བཤད་ནུག།
བློན་པོ་ཀརྨ་རྡོ་གནོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ ནད་ཡམས་ཀྱི་ དུས་སྐབས་ནང་དང་ ད་རེས་ རྒྱལ་རབས་ཅན་གྱི་ གཞི་སྒྱུར་ལུ་ ཕྱག་ཕྱིད་ཞུ་མི་ གཞུང་སྐྱོང་ནང་ གྲལ་གཏོགས་འབད་ནི་གི་ གོ་སྐབས་ཐོབ་མི་དེ་ དུས་ནམ་ཡང་ སེམས་ཁ་ལས་ མི་བརྗེད་ནི་དང་ ད་ལས་ཕར་ར་འབད་རུང་ ས་གནས་དང་ གོ་གནས་ ག་ཅི་གི་ཐོག་ལས་འབད་རུང་ རྒྱལ་ཁབ་ལུ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ནི་ཨིན་ཟེར་ བཤདཔ་ཨིན་པས།
མི་རྗེ་བློན་ཆེན་ ཌོཀ་ཊར་བློ་གྲོས་ཚེ་རིང་གིས་ བློན་པོ་ ༣ ལྷགཔ་ཅིག་གིས་ རང་སོའི་བློ་འདོད་ལྟར་དུ་ དགོངས་ཞུ་འབད་ནི་སྦེ་ ཞུ་མི་དེ་ འགོ་ཁྲིད་ཀྱི་ སྙིང་སྟོབས་དང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གཞན་དོན་ཁོ་ནར་བརྩོན་པའི་ དཔའ་ཉམས་བསྐྱེད་ཚུགས་པའི་ རྟགས་མཚན་ཅིག་ཨིན་པས་ཟེར་གསུངས་ཡི།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཅའ་ཁྲིམས་ནང་ བློན་པོ་ཅིག་གིས་ དགོངས་ཞུའི་ཞུ་ཡིག་དེ་ ཉིན་གྲངས་ ༣༠ གི་ སྔ་གོང་ལས་ བློན་ཆེན་ལུ་ ཕུལ་བའི་ཤུལ་ལས་ འབྲུག་རྒྱལ་པོའི་ ངོས་ལེན་དང་འཁྲིལ་ཏེ་ དགོངས་ཞུ་འབད་ཆོག་ཟེར་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 1015
Users Yesterday : 1351
This Month : 42574
This Year : 222477
Total Users : 934293
Views Today : 2503
Total views : 2725010
Who's Online : 11