
སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ རྒྱ་གར་ལམ་སེལ་ལས་འགུལ་ ཌཱན་ཊག་ ༢ མཉམ་འབྲེལ་ཐོག་ལས་ ཐིམ་ཕུ་ལུ་ འགོ་འདྲེན་འཐབ་མི་ ལོ་བསྟར་རྐང་འཁོར་རྒྱུག་འགྲན་ ཐེངས་ ༡༠ པའི་ནང་ ཨམ་སྲུ་ ༨ བརྩིས་ཏེ་ མི་གྲངས་ ༡༤༨ ཀྱིས་ བཅའ་མར་གཏོགས་ནུག།
དེ་ཡང་ དབྱེ་ཁག་ ༢ འབདཝ་ད་ དབྱེ་ཁག་ཀ་པའི་ནང་ རྒྱུག་ལམ་ཀི་ལོ་མི་ཊར་ ༦༥ དང་ དབྱེ་ཁག་ཁ་པའི་ནང་ རྒྱུག་ལམ་ཀི་ལོ་མི་ཊར་ ༡༠༠ གི་ནང་ རྩེད་འགྲན་འབད་བཅུག་ཡོདཔ་ཨིན་པས།
དེ་བསྒང་ དབྱེ་ཁག་ཀ་པའི་ནང་ལས་ ཀུན་ལེགས་བསྟན་འཛིན་གྱིས་ ཨང་དང་པ་ ཐོན་ཡོདཔ་ད་ བཀྲིས་རྣམ་རྒྱལ་གྱིས་ ཨང་ ༢ པ་དང་ ཚེ་རིང་གིས་ ཨང་ ༣ པ་ཐོན་ནུག།
རྒྱུག་ལམ་ཀི་ལོ་མི་ཊར་ ༡༠༠ འབད་མིའི་ནང་ལས་ ཤེས་རབ་རྒྱལ་མཚན་གྱིས་ ཨང་དང་པ་ ཐོན་ཡོདཔ་ད་ དེ་ལས་ ཚེ་རིང་དོན་གྲུབ་ཀྱིས་ ཨང་ ༢ པ་དང་ ནོར་བུ་གིས་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།
དུས་ཅི་ རྐང་འཁོར་རྒྱུག་འགྲན་གྱི་ ཨམ་སྲུའི་དབྱེ་ཁག་ནང་ བཅའ་མར་གཏོགས་མིའི་གྱངས་ཁ་ ལངམ་སྦེ་མེདཔ་ལས་ ཆ་མེད་བཏང་དགོཔ་ ཐོན་ཡོད་རུང་ ཨམ་སྲུ་ ༨ ཀྱིས་ ཕོ་སྐྱེས་ཀྱི་ དབྱེ་ཁག་ནང་ བཅའ་མར་གཏོགས་ནུག།
རྐང་འཁོར་རྒྱུག་འགྲན་ནང་ལས་ དྲག་ཤོས་ཐོན་མི་ཚུ་ལུ་ དངུལ་རྐྱང་གི་ གསོལ་རས་དང་ ལག་ཁྱེར་ཚུ་ བྱིན་ཡོདཔ་ད་ མ་གཞི་ རྐང་འཁོར་རྒྱུག་འགྲན་དེ་ ལོ་བསྟར་གྱི་ རྩེད་འགྲན་ཅིག་ཨིན་རུང་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ཏེ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ འགོ་འདྲེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྐང་འཁོར་རྒྱུག་འགྲན་དེ་ནང་ རྒྱ་གར་དང་ འབྲུག་མི་རྐང་འཁོར་གཏང་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ད་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ རྒྱ་གར་ལམ་སེལ་ལས་འགུལ་ ཌཱན་ཊག་ ༢ མཉམ་འབྲེལ་ཐོག་ལས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ གཙོ་བོ་ར་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་འདི་ རྩ་བརྟན་དང་ གོང་འཕེལ་གཏང་ཐབས་ལུ་ཨིན་པའི་གནས་ཚུལ།






Users Today : 1280
Users Yesterday : 1695
This Month : 41488
This Year : 221391
Total Users : 933207
Views Today : 3667
Total views : 2722376
Who's Online : 6