
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ འབྲུག་གཞུང་གི་ ཚོང་འབྲེལ་ཡན་ལག་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བིཊ་ཌི་ཡར་ འཕྲུལ་རིག་སྡེ་ཚན་ ༢ ཀྱི་བར་ན་ ཐིམ་ཕུ་ལུ་སྦེ་ ལག་ལེན་འཐབ་ནི་ཨིན་མི་ མཐའ་འཁོར་གནས་སྟངས་ ཡུན་བརྟན་དང་ བཙོག་རླུང་ཀར་བཱོན་མེད་པའི་ ཨང་གནས་ཐོག་ལས་ བདོག་གཏད་བསྒྲུབ་ནི་ལུ་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་སྐོར་ལས་ གསལ་བསྒྲགས་འབད་ནུག།
བིཊ་ཌི་ཡར་ འཕྲུལ་རིག་སྡེན་ཚན་དེ་ ཀི་རིབ་ཊོ་ཀ་རེན་སི་ཟེར་མི་ ཨང་གནས་ཐོག་ལས་ ཏི་རུ་བཟོ་མི་ མི་སྡེའི་དོན་ལུ་ཡོད་མི་ ནཱཛ་ཌཱག་དང་གཅིག་ཁར་ ཐོ་བཀོད་འབད་དེ་ འཛམ་གླིང་ནང་ ཡོངས་གྲགས་ཐོན་ཏེ་ཡོད་པའི་ སྡེ་ཚན་ཅིག་ཨིན་པས།
མཉམ་འབྲེལ་དེ་ནང་ལས་ བཟོ་རིག་ལས་འགུལ་ འཛིན་སྐྱོང་དང་ གཞན་ཡང་ བལྟ་སྐྱོར་དང་ རྒྱབ་སྐྱོར་གྱི་ ལཱ་འགན་ཚུ་ནང་ ས་གནས་ལུ་ ལཱ་གཡོག་གི་ གོ་སྐབས་གཏོན་ཚུགས་པའི་ རེ་བ་ཡོདཔ་ཨིནཔས།
དེ་དང་གཅིག་ཁར་ མཉམ་འབྲེལ་འདི་ལུ་བརྟེན་ཏེ་ དཔལ་འབྱོར་ལས་དོན་ཚུ་གི་ གོ་སྐབས་གཏོན་ནི་དང་ ས་གནས་ཀྱི་ མི་སྡེ་ཚུ་དང་ རྒྱལ་ཁབ་ཀྱི་དོན་ལས་ ཕྱི་དངུལ་གྱི་ འོང་འབབ་ཚུ་ཡང་ བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ང་བཅས་ འབྲུག་རྒྱུ་ནོར་གཞི་བཟུང་གི་དོན་ལུ་ བིཊ་ཌི་ཡར་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་དེ་ སྤྲོ་འཕེལ་ཅན་གྱི་ གཞི་ཅིག་ཨིནམ་ད་ འབྲུག་རྒྱུ་ནོར་གཞི་བཟུང་དེ་ ད་རེས་ཀྱི་ འབྲུག་མི་དང་ མ་འོངས་པའི་ མི་རབས་ཚུ་གི་ མི་ཚེ་ལེགས་སྒྱུར་གྱི་དོན་ལུ་ གནས་ཡོདཔ་སྦེ་ཨིན་པས།
བིཊ་ཌི་ཡར་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ བཙོག་རླུང་ཀར་བཱོན་མེད་པའི་ ཨང་གནས་ཅན་གྱི་ བདོག་གཏད་བཟོ་ཐབས་ལུ་ གནད་སྡུད་ལྟེ་བའི་ནང་ འབྲེལ་མཐུད་དང་ ཡུན་བརྟན་ཅན་གྱི་ ནང་འཁོད་དཔལ་འབྱོར་ལུ་ མ་རྩ་གཞི་བཙུགས་འབད་མི་དེ་གིས་ རྒྱལ་སྤྱིའི་ནང་ གསར་བཏོད་ལས་སྣ་ གཙོ་བོ་ཅིག་སྦེ་ འཐོན་ནིའི་དོན་ལས་ ངེས་གཏན་བཟོ་ནི་ལུ་ ཕན་ཐོགས་ཡོད་པའི་སྐོར་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ བིཊ་ཌི་ཡར་ འཕྲུལ་རིག་སྡེ་ཚན་གྱི་ཁྲི་འཛིན་ ཇི་ཧཱན་འུ་གིས་ཡང་ ང་བཅས་ཀྱི་ ཁ་ཐུག་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་གཅིག་ཁར་ འབྲུག་གི་བཙོག་རླུང་མེད་པའི་ ནུས་ཤུགས་ཀྱི་ གོ་སྐབས་ལེན་ཏེ་ ཡུན་བརྟན་གྱི་སྒོ་ལས་ ཨང་གནས་དངུལ་བཟོའི་འཕྲུལ་རིག་ ནུས་ལྡན་བཟོ་ནི་ཨིན་མི་དེ་གིས་ མཐར་ཐུག་ལུ་ འགྱུར་ལྡོག་མེད་པའི་ རྒྱལ་སྤྱིའི་བརྩི་མཐོང་གི་ གཞི་རྟེན་ལུ་ འགྱུར་ནི་ཨིནམ་ལས་ སྤྲོ་བ་སྦོམ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ མ་དངུལ་གསརཔ་འདི་གིས་ འབྲུག་རྒྱལ་ཁབ་ནང་ འཕྲུལ་རིག་ལས་སྡེ་ ཡར་འཕེལ་དང་ གསར་བཏོད་ཀྱི་ འཕུལ་ཤུགས་ཨིན་མི་ རྒྱལ་སྤྱིའི་གནས་སྟངས་ནང་ ཁེ་གྱོང་འབག་མི་ ཡོངས་འབྲེལ་མདུན་ལམ་གྱི་ བརྡ་མཚོན་ཡང་ སྟོནམ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བིཊ་ཌི་ཡར་ ༢ མཉམ་འབྲེལ་ཐོག་ལས་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥༠༠ དེ་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་བསྡུ་སྒྲུབ་དེ་ སྤྱི་ཟླ་ ༥ པ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ནི་ཨིན་པས།
བསྡུ་སྒྲུབ་འབད་ཡོད་མི་ མ་རྩ་དེ་ འབྲུག་གི་ཨང་གནས་གཞི་སྒྱུར་དང་ ཐོན་རིམ་ཅན་གྱི་ ལས་སྡེ་ཚུ་ མགྱོགས་འགྲོས་ཡར་སེང་གི་ དམིགས་དོན་དང་འཁྲིལ་ཏེ་ གནད་སྡུད་ལྟེ་བ་ཚུ་ གཞི་བཙུགས་འབད་ནི་དང་ དེང་སང་གི་ འཕྲུལ་རིག་ཚུ་ མཁོ་སྒྲུབ་ཀྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པས།
གསར་བཏོད་འདི་ནང་ ཐབས་བྱུས་ཅན་གྱི་ ཆུར་བརྟེན་གློག་མེ་དང་ ཨ་མོ་ནི་ཡ་ལྕང་ཁ་ དེ་ལས་ ཧའེ་ཌོ་ཇེན་ རླུང་མ་ལུ་བརྟེན་པའི་ དཔལ་འབྱོར་ཚུ་དང་གཅིག་ཁར་ སླར་འབྱུང་ནུས་ཤུགས་དང་ བོ་ལོག་ཅེན་ཟེར་མི་ བང་རིམ་ཅན་གྱི་ དངུལ་བཟོའི་ཐབས་ལམ་དང་ བཅོས་མའི་རིག་པ་ འཕྲུལ་ཐོག་ཤེས་ཡོན་རིམ་ལུགས་ བཙོག་རླུང་ཀར་བཱོན་ ཐོན་ཚད་དང་འབྲེལ་བའི་གནད་དོན་ གློག་ཐོག་དངོས་མཐོང་ཚུ་ཚུད་པའི་ ཐོན་རིམ་ཅན་གྱི་ འཕྲུལ་རིག་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་ཨིན་པས།
འབྲུག་ལུ་ གློག་ཐོག་གི་ བཙོག་རླུང་ཀར་བཱོན་མེད་པའི་ བདོག་གཏད་བཟོ་ཐབས་ཀྱི་ ལག་ལེན་དེ་གིས་ ཨེ་ཤི་ཡའི་ བིཊ་ཌི་ཡར་ རྒྱ་སྐྱེད་གཏང་ནི་ཨིནམ་ད་ ད་རེས་ བྱང་ཡུ་རོབ་དང་ བྱང་ཨ་མི་རི་ཀ་ཚུ་ནང་ཡོད་མི་ བིཊ་ཌི་ཡར་ རིམ་ལུགས་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས།
དེ་མ་ཚད་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བིཊ་ཌི་ཡར་ འཕྲུལ་རིག་སྡེ་ཚན་ ༢ མཉམ་འབྲེལ་གྱི་ ལས་དོན་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ནང་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་མི་དེ་གིས་ བིཊ་ཌི་ཡར་གྱིས་ ཨེ་ཤི་ཡ་ལུ་ཡོད་མི་ འཐོན་ཁུངས་ཚུ་ སྤྱོད་ནི་གི་ གོ་སྐབས་ཐོག་ལས་ ལུང་ཕྱོགས་ནང་ རིམ་ལུགས་དེ་ འཕེལ་ཤུགས་ཅན་ཅིག་ལུ་ འགྱུར་ནི་ཨིན་པའི་གནས་ཚུལ།





Users Today : 648
Users Yesterday : 1695
This Month : 40856
This Year : 220759
Total Users : 932575
Views Today : 2098
Total views : 2720807
Who's Online : 8