རྒྱ་གར་གྱིས་ ཀཤ་མིར་ལུ་ དམིགས་བསལ་གནས་སྟངས་ ཆ་མེད་གཏང་ནི་སྦེ་ གྲོས་ཐག་བཅད་མི་གིས་ པ་ཀིཛ་ཏཱན་དང་ རྒྱ་གར་གྱི་ གསུང་གྲོས་ལུ་ ཐོ་ཕོག་ཡོདཔ།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ པ་ཀིཛ་ཏཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༡༩ ལུ་ རྒྱ་གར་གྱིས་ ཇ་མུ་དང་ ཀཤ་མིར་གྱི་ དམིགས་བསལ་གནས་སྟངས་ ཆ་མེད་བཏང་ནི་སྦེ་ གྲོས་ཐག་བཅད་མི་དེ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ ལྕོགས་གྲུབ་ཡོད་མི་ ཁྱིམ་ཚང་རྒྱལ་ཁབ་ ༢ ཀྱི་བར་ན་ གསུང་གྲོས་གནང་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཀཤ་མིར་དེ་ རྒྱལ་ཁབ་གཉིས་ཆ་ར་གིས་ ཧྲིལ་བུར་སྦེ་ ཁོང་གི་ཁ་ཐུག་ལུ་ཨིནམ་སྦེ་ བཀོདཔ་ཨིན་རུང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱད་མདའ་ལན་ཐེངས་ ༣ རྐྱབ་ཡོད་མིའི་གྲས་ལས་ ཕྱད་མདའ་ལན་ཐེངས་ ༢ ཀཤ་མིར་གྱི་ དབག་དབང་སྐོར་ལས་ རྐྱབ་ཡོདཔ་ད་ ད་རེས་ ཀཤ་མིར་དེ་ རྒྱལ་ཁབ་གཉིས་ཆ་ར་གིས་ ཆ་ཤས་རེ་ བདག་འཛིན་འཐབ་སྟེ་ཡོདཔ་ཨིན་པས།
པ་ཀིཛ་ཏཱན་གྱི་ ཕྱི་འབྲེལ་བློན་པོ་ བི་ལ་ཝཱལ་ བུ་ཊོ་ཟར་ད་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསུང་གྲོས་ཀྱི་དོན་ལུ་ བྱ་སྟབས་བདེ་ཏོག་ཏོ་གི་ གནས་སྟངས་བཟོ་ནི་གི་ འགན་ཁུར་དེ་ རྒྱ་གར་ལུ་ ཕོག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ པ་ཀིཛ་ཏཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ རྒྱ་གར་གྱི་ས་གནས་ གོ་ཝ་ལུ་ ཤང་སའི་མཉམ་འབྲེལ་ཚོགས་པའི་ ཞལ་འཛོམས་སྐབས་ལུ་ བཤད་ཡོདཔ་ད་ ཁོ་གིས་ རྒྱ་གར་རྒྱལ་ཁབ་ནང་ འགོ་དང་པ་ ལྷོད་ཡོད་རུང་ རྒྱལ་ཁབ་ ༢ ཀྱི་ དོན་གཅོད་མཐུན་ལམ་ལུ་ འགྱུར་བ་ག་ནི་ཡང་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: