རྒྱ་གར་མ་དྷི་ཡ་ པར་དེཤ་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ ཟམ་གུ་ལས་ བུད་འགྱོ་བའི་ རྐྱེན་ངན་ནང་ ལམ་འགྲུལཔ་ ༡༥ ལུ་ ཤི་རྐྱེན་དང་ ༢༠ ལུ་རྨ་སྐྱོན།

ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ རྒྱ་གར་གྱི་མངའ་སྡེ་ མ་དྷི་ཡ་པར་དེཤ་གི་ ཁར་གཱོན་ཟམ་གུ་ལས་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ བུད་འགྱོ་བའི་ རྐྱེན་ངན་ནང་ ལམ་འགྲུལཔ་ ༡༥ ལུ་ ཤི་རྐྱེན་དང་ ༢༠ ལུ་ རྨ་སྐྱོན་བྱུང་ནུག།
དེ་བསྒང་ སྐྱེལ་འདྲེན་བཱཛ་དེ་ནང་ ལམ་འགྲུལཔ་ ༥༠ ཡོདཔ་ད་ སྐྱེལ་འདྲེན་བཱཛ་དེ་ ས་གནས་ཨིན་ཌོར་ཟེར་སར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ ད་སང་ག་ཟེར་མི་ གཡུས་ཚན་གྱི་ ཁར་གཱོན་ཟམ་གུ་ལས་ བུད་སོང་པ་ལུ་བརྟེན་ཏེ་ གཡུས་ཁའི་མི་སེར་ཚུ་གིས་ གློ་བུར་གྱི་ སྲོག་སྐྱབས་འབད་ནི་ལུ་ རོགས་རམ་འབད་ཡོདཔ་ཨིན་པས།
རྒྱ་གར་མ་དྷི་ཡ་ པར་དེཤ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཤིབ་རཱཇ་སིང་ ཅོའུ་ཧཱན་གྱིས་ མ་རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མིའི་ ནང་མི་བཟའ་ཚང་ལུ་ རུ་པི་འབུམ་ ༤ རེ་དང་ རྨ་སྐྱོན་ཚབས་ཆེན་ བྱུང་མི་ཚུ་ལུ་ རུ་པི་སྟོང་ཕྲག་ ༥༠ རེ་ དེ་ལས་ རྨ་སྐྱོན་ཚབས་ཆུང་ བྱུང་མི་ཚུ་ལུ་ རུ་པི་སྟོང་ཕྲག་ ༢༥ རེ་ རྒུད་འཐུས་བྱིན་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་མ་ཚད་ སྨན་ཁང་ནང་ སྨན་བཅོས་འབད་བའི་ ཟད་འགྲོ་ཚུ་ཡང་ གཞུང་གི་ཁ་ཐུག་ལས་ གནང་ནི་ཨིན་པའི་ གསལ་བསྒྲགས་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: