
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ པ་ཀིཛ་ཏཱན་ ངན་ལྷད་བཀག་སྡོམ་ལས་སྡེ་གིས་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ཨིཛ་ལ་མ་བཱད་ ཆེ་མཐོའི་ཁྲིམས་ཁང་ནང་ འཛིན་བཟུང་འབད་ཡོདཔ་ལས་ ཁོ་གི་རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འབད་དེ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ གདོང་ཐུག་སྐབས་ལུ་ ངོ་རྒོལ་འབད་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་ ༦ བརྩིས་ཏེ་ མི་གྲངས་ ༡༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།
དེ་ཡང་ ཨིམ་རཱན་ཁཱན་གྱིས་ ན་ཧིང་ བློན་ཇོན་གྱི་ གོ་གནས་ལས་ བཏོན་བཏང་མིའི་ནང་ དམག་སྡེའི་གཙོ་འཛིན་གྱི་ ལགཔ་ཡོདཔ་མ་ཚད་ དམག་སྡེའི་འགོ་དཔོན་ཅིག་གིས་ ཁོ་ རྐུ་བསད་རྐྱབ་ནི་གི་ འཆར་གཞི་བརྩམས་ཡོད་པའི་ ཉེས་ཁ་བཀལ་བའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འབད་བའི་སྐབས་ལུ་ ངོ་རྒོལ་དམ་འཛིན་འབད་མི་ཚུ་གིས་ ཨིམ་རཱན་ཁཱན་དེ་ སྐོར་ར་རྐྱབ་སྟེ་ སྣུམ་འཁོར་གནགཔོ་ཅིག་ནང་ བཙུགས་ཞིནམ་ལས་ ཁྱིད་སོང་ནུག།
པ་ཀིཛ་ཏཱན་གྱི་ མངའ་སྡེ་བཞི་ནང་ ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་དེ་ ལ་ཧོར་དང་ ར་ཝཱལ་པིན་ཌི་ཚུ་ནང་ ཁྲོམ་སྡེའི་འཁོར་ལམ་གཙོ་བོ་ཚུ་ བཀག་ཆ་འབད་དེ་ དམག་སྡེའི་སྒྲིང་ཁྱིམ་ཚུ་ནང་འཛུལ་ཏེ་ ཁྲིམས་སྲུང་འགག་པ་ཚུ་དང་ གདོང་ཐུག་འབདཝ་ལས་ མི་མང་སྤུངས་འཛོམས་འབད་ནི་མེད་པའི་ གློ་བུར་གྱི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
ངོ་རྒོལ་དེ་དང་འབྲེལ་ཏེ་ ནང་སྲིད་ལྷན་ཁག་གི་ བཀོད་རྒྱ་དང་འཁྲིལ་ཏེ་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་དང་ མི་སྡེ་བརྡ་བརྒྱུད་ ཊུའི་ཊར་དང་ ཕེཛ་བུག་ དེ་ལས་ ཡུ་ཊུབ་ཚུ་ཡང་ དམ་འཛིན་འབད་ནུག།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༤ པའི་ནང་ སྐྱེས་ལོ་ ༧༠ འབད་མི་ ཨིམ་རཱན་ཁཱན་དེ་ སྤྱི་ཚོགས་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུར་ཏེ་ བློན་ཆེན་གྱི་ གོ་གནས་ལས་ བཏོན་བཏང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today : 888
Users Yesterday : 1303
This Month : 66560
This Year : 295401
Total Users : 1007217
Views Today : 1630
Total views : 2927662
Who's Online : 9