རྒྱལ་ཡོངས་ཚོགས་སྡེ་བཞི་པའི་ འཐུས་མི་ཚུ་གིས་ ཡིག་ཚང་གི་ འགན་ཁུར་ངོས་ལེན་གྱི་ དམ་བཅའ་ཕུལ་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༡༠ ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༠.༡༨ པའི་ དགོངས་དོན་དང་འཁྲིལ་ཏེ་ རྒྱལ་ཡོངས་ཚོགས་སྡེ་བཞི་པའི་ འཐུས་མི་ཚུ་གིས་ ཡིག་ཚང་གི་ འགན་ཁུར་ངོས་ལེན་གྱི་ དམ་བཅའ་ཕུལ་ཡི།
དམ་བཅའ་དེ་ཡང་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་སྒོ་མཆོག་གིས་ བསྐུལ་གནང་ཡོདཔ་ད་ མཛད་སྒོ་དེ་ནང་ གཞུང་གྲྭ་ཚང་གི་ ཚོགས་སློབ་བགྲེསཔ་མཆོག་གིས་ཡང་ གྲལ་གཏོགས་མཛད་ནུག།
དེ་ལས་ གཞན་ཡང་ འཐུས་མི་ཚུ་གིས་ སྲིད་ཚོགས་ཚུ་དང་ འབྲེལ་གཏོགས་འབད་ནི་མེད་པའི་ ཁས་བླངས་ལུ་ མིང་རྟགས་བཀོད་ཡོད་པའི་ཤུལ་ལས་ མཛད་སྒོ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཕུལ་ཏེ་ གྲོལ་ཡོདཔ་ཨིན་པས།
མཛད་སྒོ་དེ་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: