ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ གནོད་འཚུབ་ཐོག་ལས་ ལན་ལོག་འཇལ་ནི་ལུ་ དུས་ཚོད་འགོར་ནི།

བི་བི་སི།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ལུ་ རྒྱབ་སྐྱོར་འབད་མི་ རྒྱལ་ཁབ་ཚུ་གིས་ ཁས་ལེན་གྲུབ་ཡོད་མི་ མཚོན་ཆ་ཚུ་ལུ་ སྒུག་དགོཔ་ལས་ ར་ཤི་ཡའི་ དམག་སྡེ་ལུ་ གནོད་འཚུབ་ཀྱི་སྒོ་ལས་ ལན་ལོག་འཇལ་ནིའི་དོན་ལུ་ དུས་ཚོད་མངམོ་དགོ་པས་ཟེར་ཨིན་པས།
དེ་ཡང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ རྒྱལ་ཁབ་ཚུ་གིས་ སྦྱོང་བརྡར་འབད་ཡོད་མི་ དམག་སྡེ་ཚུ་ གཏང་ནི་ལུ་ གྲ་སྒྲིག་ཡོད་རུང་ ཁོང་ལུ་ མཚོན་ཐུབ་སྣུམ་འཁོར་གྱི་ ཅ་ཆས་ཚུ་མེདཔ་ལས་ དུས་ཚོད་མངམོ་དགོ་ནི་དེ་གིས་ཨིན་པས།
ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ དམག་མི་ཚུ་ ས་ཕྱོགས་ག་ཏེ་ལས་ མདུན་བསྐྱོད་འབད་ནི་ཨིན་ན་དེ་ གསང་བའི་ཐོག་ལུ་ བཞག་ཡོདཔ་ད་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ས་གནས་ ལུ་ཧནཛ་དང་ ཌོ་ནེཊཛ་ལས་ ཤར་ཕྱོགས་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༤༥༠ དེ་ཅིག་གི་ ས་ཁ་ལས་ ལྷོ་ཕྱོགས་ཀྱི་ས་གནས་ ཟ་པོ་རི་ཞི་ཡ་དང་ ཁེར་སཱོན་གྱི་བར་ན་ སྲུང་སྐྱོབ་ཀྱི་དོན་ལས་ གྲ་སྒྲིག་ཚུ་ བཙན་ཏོག་ཏོ་ བཟོ་སྟེ་ཡོདཔ་ཨིན་པས།
ད་རེས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ དམག་འཁྲུག་ལང་སྟེ་ ཟླཝ་ ༡༥ ལང་དོ་ཡོདཔ་ད་ ཡུ་ཀེ་རེན་གཞུང་གི་ ཆེ་མཐོའི་འགོ་དཔོན་ཅིག་གིས་ དམག་འཁྲུག་དེ་ནང་ལས་ རྒྱལ་ཁབ་གཉིས་ཆ་ར་གིས་ རྒྱལ་ཁ་འཐོབ་དགོཔ་སྦེ་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་འགྲིགས་བཟོ་ཚུགས་པའི་ རེ་བ་དེ་ ཉུང་སུ་ཅིག་ལས་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: