
བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ འགོ་འདྲེན་འཐབ་མི་སྦེ་ཡོད་མི་ མཐའ་ཡས་ལེན་གྱི་ སྤྱིར་བཏང་བཙག་འཐུའི་དོན་ལས་ འདས་པའི་བདུན་ཕྲག་ཚུ་ནང་ ཕིའུ་ཐའེ་ཟེར་མི་ སྲིད་ཚོགས་ཀྱིས་ བསྐུལ་བསྒྲགས་ཀྱི་ སྣུམ་འཁོར་ཊག་ཚུ་ མི་སེར་ཚུ་གི་ མི་ཚེ་ལེགས་སྒྱུར་ལུ་ ས་ཁོངས་ག་རའི་ནང་ ཕིའུ་ཐའེ་གི་ རྒྱལ་ཁ་ཟེར་བའི་ བསྐུལ་བསྒྲགས་ཀྱི་ སྙན་ཚིག་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པར་ བཏང་ཡོདཔ་ཨིན་པས།
ཕིའུ་ཐའི་སྲིད་ཚོགས་དེ་ བརྒྱུད་འབྲེལ་ཚོང་ལམ་ནང་ རྒྱུ་སྟོབས་ཅན་གྱི་མི་ངོམ་ ཐག་སིན་ཤི་ན་ཝ་ཏར་གྱིས་ སྤྱི་ལོ་ ༡༩༩༨ ལུ་ ཐའེ་རག་ཐའེ་སྲིད་ཚོགས་ གཞི་བཙུགས་འབད་མི་ལས་བརྒྱུད་པའི་ སྲིད་ཚོགས་ཅིག་ཨིནམ་ད་ འདས་པའི་ལོ་ངོ་ ༡༧ གི་རིང་ལུ་ སྲིད་ཚོགས་དེ་ནང་ ཐག་སིན་ཤི་ན་ཝ་ཏར་གྱི་ ཤན་ཞུགས་རྩ་མེད་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ སྲིད་ཚོགས་དེ་གི་ བསྐུལ་བསྒྲགས་ནང་ སྲིད་ཚོགས་གཞན་ཚུ་གིས་ དོ་འགྲན་འབད་མ་ཚུགས་པའི་ གཞི་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༦ ལུ་ ཐག་སིན་ཤི་ན་ཝ་ཏར་གྱི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ དབང་བཟུང་འབད་བའི་ཤུལ་ལས་ ཐའེ་རག་ཐའེ་སྲིད་ཚོགས་དེ་ ཧྲམ་བཏང་ཡོད་རུང་ ཤི་ན་ཝ་ཏར་ལུ་ སྲིད་དོན་དང་འབྲེལ་བའི་ ཉེས་འཛུགས་ཚུ་བཀལཝ་ལས་ བྲོས་བྱོལ་གྱིས་ རྒྱལ་ཁབ་གཞན་ཁར་ སྡོད་དོ་ཡོདཔ་ད་ ཐའེ་རག་ཐའེ་སྲིད་ཚོགས་དེ་ ཧྲམ་བཏང་པའི་ཤུལ་ལུ་ ད་རུང་ཡང་ ཤུལ་འཛིན་སྲིད་ཚོགས་ཅིག་ གཞི་བཙུགས་འབད་དེ་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༠༨ ལུ་ ཁྲིམས་མདུན་ལས་ ཆ་མེད་བཏང་སྟེ་ ལོ་དེ་ནང་ ཁོང་གི་བློན་ཆེན་ ༢ ཡང་ ཚད་གཞི་མ་གྲུབ་པའི་གྲངས་སུ་སྦེ་ བཏོན་གཏང་ནུག།
སྤྱི་ལོ་ ༢༠༡༡ ལུ་ ཐག་སིན་ཤི་ན་ཝ་ཏར་གྱི་ སྤུན་མཆེད་ཡིང་ལུག་གིས་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ཡོད་རུང་ ཁྲིམས་འདུན་ལས་ མོ་ཡང་ ཚད་གཞི་མ་གྲུབ་པའི་གྲངས་སུ་སྦེ་ བཏོན་བཏང་ཡོདཔ་ད་ མོ་གི་གཞུང་དེ་ཡང་ དྲག་པོའི་དམག་སྡེ་གིས་ བཙན་བཟུང་འབད་དེ་ ཡིང་ལུག་ཡང་ ད་རེས་ནངས་པར་ ཕྱི་རྒྱལ་ལུ་ སྡོད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༩ ལུ་ཡང་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ སྤྱི་ཚོགས་ནང་ སྡོད་ཁྲི་ལེ་ཤ་ཅིག་ ཐོབ་ཡོད་རུང་ གཞུང་བཙུགས་ནི་ལས་ བཀག་ཆ་འབད་དེ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1427437
Views Today :
Total views : 5000
Who's Online :