
བི་བི་སི།
པ་ཀིཛ་ཏཱན་གྱི་ མངོན་མཐོའི་ཁྲིམས་འདུན་ལས་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་མི་དེ་ ཁྲིམས་མཐུན་མེད་པའི་ གྲོས་ཆོད་བཏོན་པའི་ ཉིནམ་ ༡ གི་ཤུལ་ལས་ འཛིན་བཟུང་ལས་ བཏང་ཡོདཔ་ཨིན་པས།
ཁྲིམས་འདུན་གྱི་ དྲང་དཔོན་ཚུ་གིས་ ཁོ་ལུ་ བདུན་ཕྲག་ ༢ ཀྱི་རིང་ལུ་ ཉེས་འཛུགས་དེ་དང་འབྲེལ་ཏེ་ སླར་ལོག་འཛིན་བཟུང་འབད་མ་ཆོག་པའི་ ཉེན་སྲུང་ཅན་གྱི་ གློད་གྲོལ་བཏང་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ཚུན་ ཉེས་འཛུགས་གང་རུང་གི་ཐོག་ལུ་ཡང་ འཛིན་བཟུང་འབད་མ་ཆོག་པའི་ བཀའ་རྒྱ་གནང་ནུག།
སྐྱེས་ལོ་ ༧༠ འབད་མི་ ཨིམ་རཱན་ཁཱན་དེ་ སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ ཨིཛ་ལ་མ་བཱད་ཀྱི་ ཁྲིམས་ཁང་ཅིག་ནང་ ལྷོད་པའི་སྐབས་ལུ་ འཛིན་བཟུང་འབད་ཡོདཔ་ད་ ཁོ་ལུ་ ཉེས་འཛུགས་ཁག་ ལེ་ཤ་ཅིག་ བཀལ་ཏེ་ཡོད་པའི་ནང་ལས་ དང་པ་ར་ ངན་ལྷད་ཀྱི་ ཉེས་འཛུགས་དང་འབྲེལ་བའི་ དྲི་དཔྱད་འབདཝ་ད་ ཁོ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་དེ་བཟུམ་འབད་བ་ཅིན་ ཨིམ་རཱན་ཁཱན་དེ་ བློན་ཆེན་གྱི་ གོ་གནས་ཁར་ སྡོད་པའི་སྐབས་ལུ་ རྒྱལ་ཁམས་ཀྱི་ ཁྱོསམ་དང་ ཕྱག་མཇལ་ཚུ་ ཁྲིམས་དང་མ་བསྟུན་པར་ བཙོངས་ཡོད་པའི་སྐོར་ལས་ པ་ཀིཛ་ཏཱན་གྱི་ བཙག་འཐུ་ལྷན་ཚོགས་ལས་ ཉེས་འཛུགས་བཀལ་ཏེ་ཡོད་ཟེར་ཨི་ནཔས།
ཨིན་རུང་ པ་ཀིཛ་ཏཱན་ ཨི་ཨིན་སཱཕ་ སྲིད་དོན་ཚོགས་པ་གིས་ ཨིམ་རཱན་ཁཱན་དེ་ བློན་ཆེན་སྦེ་ སྡོད་པའི་སྐབས་ལུ་ ཕྱི་ཁའི་འགོ་ཁྲིདཔ་ཚུ་གིས་ ཁོ་ལུ་བྱིན་མི་ ཁྱོསམ་དང་ ཕྱག་འཇལ་ཚུ་དང་འབྲེལ་བའི་ ཉེས་འཛུགས་བཀལ་ནི་དེ་ སྲིད་དོན་གྱི་ དབང་ལུ་ཤོར་བའི་ རྒྱུད་བསྐུལ་ཨིནམ་སྦེ་ གསལ་བཤད་འབད་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ རཱན་ཁཱན་དེ་ ཁྲིམས་ཁང་གི་ཕྱི་ཁ་ལས་ འཛིན་བཟུང་འབད་བའི་ཤུལ་ལུ་ ཁོ་གི་རྒྱབ་སྐྱོར་པ་ཚུ་ ཁོང་ཁྲོ་ལང་སྟེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ ལ་ཧོར་ལུ་ དམག་སྤྱིའི་སྡོད་ཁྱིམ་ མེར་བཏངམ་ལ་སོགས་པའི་ གནོད་འཚུབ་ཚུ་བཀལ་མིའི་ནང་ ཉུང་ཤོས་ར་ མི་གྲངས་ ༡༠ དེ་ཅིག་ལུ་ ཤི་རྐྱེན་དང་ མི་གྲངས་ ༢༠༠༠ དེ་ཅིག་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 885
Users Yesterday : 1303
This Month : 66557
This Year : 295398
Total Users : 1007214
Views Today : 1588
Total views : 2927620
Who's Online : 7