
བི་བི་སི།
རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ འདས་པའི་ཟླཝ་ ༣ གྱི་ ནང་འཁོད་ལུ་ རྒྱ་ནག་གི་ སྣུམ་འཁོར་ཕྱིར་ཚོང་དེ་ རྒྱ་པཱན་གྱི་ སྣུམ་འཁོར་ཕྱིར་ཚོང་ལས་ལྷག་པའི་ ཚད་གཞི་ཁར་ ལྷོད་དེ་ཡོདཔ་ལས་ འཛམ་གླིང་ནང་ སྣུམ་འཁོར་ཕྱིར་ཚོང་འཐབ་མི་ ཨང་དང་པ་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ གཞུང་འབྲེལ་རྩིས་ཐོའི་ནང་ རྒྱ་ནག་གིས་ སྤྱི་ལོ་ ༢༠༢༢ ཀྱི་ ལོ་ངོ་བཞི་དཔྱ་དང་པའི་ སྣུམ་འཁོར་ཕྱིར་ཚོང་དང་ཕྱདཔ་ད་ དུས་ཅི་ ལོ་ངོ་བཞི་དཔྱ་དང་པའི་ནང་ སྣུམ་འཁོར་ས་ཡ་ ༡.༠༧ དེ་ཅིག་ ཕྱིར་ཚོང་འཐབ་ཡོད་མི་དེ་ བརྒྱ་ཆ་ ༥༨ ཀྱིས་ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ རྒྱ་པཱན་གྱིས་ཡང་ སྣུམ་འཁོར་ ༩༤༥,༡༨༥ དེ་ཅིག་ ཕྱིར་ཚོང་འཐབ་ཡོདཔ་ལས་ བརྒྱ་ཆ་ ༦ གིས་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱ་ནག་གི་ སྣུམ་འཁོར་ཕྱིར་ཚོང་ འབོར་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་འགྱོ་མི་དེ་ཡང་ གློག་ཤུགས་ལུ་བརྟེན་པའི་ སྣུམ་འཁོར་ལུ་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་མི་དང་ སྣུམ་འཁོར་ཚུ་ ར་ཤི་ཡ་ལུ་ཡང་ བཙོང་ནི་དེ་གིས་ཨིན་པས།
ན་ཧིང་ རྒྱ་ནག་གིས་ ཇར་མ་ནིའི་ ཕྱིར་ཚོང་ལས་ལྷག་པའི་ སྣུམ་འཁོར་ཚུ་ བཙོང་ཚུགས་ནི་དེ་གིས་ འཛམ་གླིང་ནང་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ཨང་ ༢ པ་སྦེ་གནས་ཡོདཔ་ད་ སྤྱི་ལོ་ ༢༠༢༢ ལུ་ རྒྱ་ནག་གིས་ སྣུམ་འཁོར་ས་ཡ་ ༣.༢ ཕྱིར་ཚོང་འཐབ་ཡོད་རུང་ ཇར་མ་ནི་གིས་ སྣུམ་འཁོར་ས་ཡ་ ༢.༦ ལས་ ཕྱིར་ཚོང་འཐབ་མ་ཚུགསཔ་ཨིན་པས།
རྒྱ་ནག་གིས་ ས་སྣུམ་ལུ་བརྟེན་མ་དགོ་པའི་ སྣུམ་འཁོར་ཚུ་ བཟོ་བསྐྲུན་འབདཝ་ལས་ ན་ཧིང་གི་ལོ་ནང་ར་ སྣུམ་འཁོར་ཕྱིར་ཚོང་དེ་ བརྒྱ་ཆ་ ༩༠ ལྷགཔ་ཅིག་ ཡར་སེང་ཡོདཔ་མ་ཚད་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཕྱད་མདའ་འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཁབ་གཞན་ཚུ་གིས་ ར་ཤི་ཡ་དང་གཅིག་ཁར་ ཚོང་འབྲེལ་ཚུ་ བཀག་ཆ་འབད་མི་དེ་གིས་ཡང་ རྒྱ་ནག་གིས་ ར་ཤི་ཡ་ལུ་ སྣུམ་འཁོར་རྒྱ་ཆེཝ་སྦེ་ར་ ཕྱིར་ཚོང་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1401627
Views Today :
Total views : 5000
Who's Online :