
ཨེ་བི་སི།
མཐའ་ཡས་ལེན་ལུ་ འདས་པའི་བདུན་ཕྲག་ནང་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ ལྡོག་ཕྱོགས་ཚོགས་པ་ མུབ་ཕོར་ཝཱཌ་གིས་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ནང་ མཉམ་འབྲེལ་གཞུང་སྐྱོང་ བཙུགས་ནིའི་དོན་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ སྲིད་དོན་ཚོགས་པ་གཞན་ ༧ དང་གཅིག་ཁར་ ཆིངས་ཡིག་གུ་ མིང་རྟགས་བཀོད་ནུག།
ཆིངས་ཡིག་དེ་ནང་ དོན་ཚན་ ༢༣ ཡོད་མིའི་གྲས་ལས་ མང་ཤོས་ཅིག་ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ བཙག་འཐུའི་ནང་ལས་ རྒྱལ་ཁབ་ཐོབ་དགོ་པའི་ རྒྱུ་མཚན་ཅན་གྱི་ གནད་དོན་ཚུ་ ཚུད་དེ་ཡོདཔ་ཨིན་པས།
མུབ་ཕོར་ཝཱཌ་ སྲིད་དོན་ཚོགས་པ་གིས་ ཚོགས་ཁང་ནང་ སྡོད་ཁྲི་ ༥༠༠ འབད་མི་ལས་ སྡོད་ཁྲི་ ༡༥༢ ཐོབ་སྟེ་ རྒྱལ་ཁབ་ཐོབ་ཡོདཔ་ད་ ཚོགས་པ་དེ་གི་ ཁས་བླངས་གཙོ་བོ་ར་ རྒྱལ་བརྒྱུད་ལུ་ བརྙས་བཅོས་ཀྱི་ བཅའ་ཁྲིམས་དེ་ སྒྱུར་བཅོས་འབད་ནི་སྦེ་ཨིན་རུང་ སྲིད་ཚོགས་མཉམ་འབྲེལ་གྱི་ ཆིངས་ཡིག་ནང་ གནད་དོན་དེ་ མ་བཀོད་པར་བཞག་ནུག།
མ་གཞི་ ཁས་བླངས་དེ་ལུ་ ན་གཞོན་མང་ཤོས་ཀྱིས་ ངོས་ལེན་ཡོད་རུང་ མཐའ་ཡས་ལེན་གྱི་ རྒྱལ་བརྒྱུད་དེ་ རྒྱལ་ཁབ་ངོ་རྟགས་ཀྱི་ ཀ་ཆེན་བཟུམ་ཅིག་སྦེ་ བརྩི་བཀུར་འབདཝ་ལས་ སྔར་ལུགས་སྲིད་ཚོགས་ཚུ་གིས་ རྒྱབ་འགལ་འབདཝ་ཨིན་པས།
བཅའ་ཁྲིམས་ནང་ རྒྱལ་བརྒྱུད་ལུ་ བརྙས་བཅོས་འབད་མི་ཚུ་ལུ་ ལོ་ངོ་ ༡༥ ཚུན་ ཉེས་ཁྲིམས་སྨིན་ཆོགཔ་སྦེ་ བཀོད་དེ་ཡོད་མི་དེ་ སྲིད་ཚོགས་ལ་ལོ་ཅིག་གིས་ སྒྱུར་བཅོས་ཀྱི་ ཁས་བླངས་ལུ་ ངོས་ལེན་མི་འབད་དོ་ཡོདཔ་ལས་ ད་རེས་ཀྱི་ ཆིངས་ཡིག་ནང་ སྲིད་ཚོགས་ག་ར་གིས་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རིང་ལུགས་ལུ་ བརྩི་བཀུར་འབད་ནི་མ་གཏོགས་ བརྙས་བཅོས་མ་རུངམ་སྦེ་བཞག་ནུག།
མུབ་ཕོར་ཝཱཌ་ སྲིད་དོན་ཚོགས་པའི་འགོ་ཁྲིདཔ་ པི་ཏ་ ལིམ་ཇ་རོན་རཱད་ཀྱིས་ མཉམ་འབྲེལ་འགྲིགས་ཆ་ཚུ་ ལེགས་ཤོམ་སོང་སྟེ་ ཁོ་རང་ བློན་ཆེན་གྱི་ གོ་གནས་ཁར་ བཙག་འཐུ་གྲུབ་ཡོད་རུང་ དཀའ་ངལ་དག་པ་ཅིག་ཡོད་མི་དེ་ ཧ་གོ་དགོ་ཟེར་ཨིནམ་ད་ དཀའ་ངལ་དེ་ཚུ་ འཛིན་སྐྱོང་འཐབ་མི་ སྡེ་ཚན་སྒྲིང་སྒྲིང་ཅིག་ཡོདཔ་ལས་ ཉེན་ཁ་དང་ དཔལ་འབྱོར་གྱི་ དོ་འགྲན་ཚུ་ཡང་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431447
Views Today :
Total views : 5000
Who's Online :