གཞི་རྟེན་དམག་སྦྱོང་ མོ་བཏབ་ཐོག་གི་ བདེ་སྲུང་སྦྱོང་བརྡར་ ཐེངས་ ༥༦ པ་ མཇུག་བསྡུའི་རྟེན་འབྲེལ།

པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ བདེ་ཆེན་དཔལ་རི་ཐང་ལུ་ གཞི་རྟེན་དམག་སྦྱོང་ མོ་བཏབ་ཐོག་གི་ བདེ་སྲུང་སྦྱོང་བརྡར་ ཐེངས་ ༥༦ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
སྦྱོང་བརྡར་དེ་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ ཤུལ་མའི་ལོ་ལས་ འབྲུག་པའི་ན་གཞོན་ཡོངས་ཀྱི་དོན་ལུ་ འགོ་བཙུགས་ནི་སྦེ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་གྱི་ ཆ་ཤས་སྦེ་ དམིགས་བསལ་ལས་རིམ་ཚུ་གི་སྒོ་ལས་ མོ་བཏབ་བཟུམ་ཅིག་སྦེ་ གོང་འཕེལ་བཏང་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ སང་ཕོད་ འགོ་བཙུགས་ནི་སྦེ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་དང་ འབྲེལ་བ་དམ་ཟབ་ཀྱི་སྒོ་ལས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ ཉེ་འདབས་ལུ་ རྒྱལ་སྲུང་སྦྱོང་བརྡར་གྱི་དོན་ལས་ བཀོད་དེ་ཡོད་མི་ དུས་ཚོད་དང་ དུས་མཉམ་སྦེ་ འགོ་འདྲེན་འཐབ་ནུག།
ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ འགོ་འདྲེན་འཐབ་མི་ བདེ་སྲུང་སྦྱོང་བརྡར་དེ་ནང་ ན་གཞོན་ཕོ་མོ་བསྡོམས་ ༥༠༠ གིས་ བཅའ་མར་གཏོགས་ཡོདཔ་ད་ སྦྱོང་བརྡར་དེ་གི་ ལས་རིམ་གྲངས་སུ་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ དེ་ལས་ འཚོ་རྟེན་རིག་རྩལ་གོང་འཕེལ་ཚུ་ཡོདཔ་ཨིན་པས།
བདེ་སྲུང་སྦྱོང་བརྡར་ མཇུག་བསྡུའི་རུ་སྒྲིག་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁམས་གོང་འཕེལ་གྱི་ དུས་སྐབས་ནང་ ང་བཅས་ཀྱིས་ དམིགས་དོན་ལ་ལོ་ཅིག་ མགྱོགས་པར་འགྲུབ་ཚུགས་མི་དང་ ལ་ལོ་ཅིག་ གནམ་བསྐོས་དང་འཁྲིལ་ཏེ་ མི་རབས་ལས་ མི་རབས་ཀྱི་བར་ན་དང་ ལོ་ངོ་སྟོང་ཕྲག་གི་བར་ན་ འགོར་དོ་ཡོད་པའི་སྐོར་ལས་ གསུངས་གནང་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ འབྲུག་གི་ཁྱད་ཆོས་བཟང་པོ་ཚུ་ཡང་ ལོ་ངོ་སྟོང་ཕྲག་ ༡ དང་ ཡང་ན་ དེ་ལས་ཡང་ལྷག་པའི་ དུས་ཡུན་ནང་ མི་རབས་ལེ་ཤ་གི་ བརྩོན་ཤུགས་ལུ་བརྟེན་ཏེ་ བསྒྲུབས་ཡོད་པའི་ བཤུལ་བཞག་འདི་ དུས་ཡུན་རིངམོ་གི་བར་ན་ འཕྲོ་མཐུད་ཅན་གྱི་ བརྩོན་ཤུགས་རྐྱངམ་གཅིག་ལས་ བསྒྲུབ་ཚུགས་ནི་ཨིནམ་ལས་ ང་བཅས་རའི་ བདེ་སྲུང་དང་ རྒྱལ་སྲུང་ལས་རིམ་ཚུ་ཡང་ ང་བཅས་རའི་ སྲོལ་ཁྱུན་བཟང་པོ་ལུ་ རྒྱབ་སྣོན་འབད་བའི་ བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་ཨིན་ཟེར་ཡང་ གསུངས་གནང་ཡོདཔ་ཨིན་པས།
དེ་ལས་ མི་དབང་མཆོག་གིས་ ལས་རིམ་དེ་ནང་ ཁས་བླངས་ཐོག་ལས་ དུས་ཚོད་བཏོན་ཏེ་ གྲལ་གཏོགས་འབད་མི་ ན་གཞོན་ཚུ་ལུ་ བཀའ་དྲིན་ལེགས་སོ་ གསུངས་གནང་པའི་ནང་གསལ་ ལས་རིམ་འདི་ ང་བཅས་རའི་ གོམ་པ་མདུན་དུ་སྤོ་བའི་ གནས་སྐབས་གསརཔ་གི་ གོམ་ཐེངས་དང་པའི་ བརྡ་མཚོན་ཨིནམ་ལས་ ལས་རིམ་དེ་ནང་ ཁྱེད་ཆ་ཁྱབ་ཀྱིས་ མ་འོངས་མི་རབས་ཚུ་གི་དོན་ལས་ གོམ་ཐེངས་དང་པ་ སྤོ་ནི་ལུ་ གྲོགས་རམ་འབདཝ་ཨིན་ཟེར་ཡང་ གསུངས་གནང་ནུག།
བདེ་སྲུང་གི་ སྦྱོང་བརྡར་མཇུག་བསྡུའི་ མཛད་སྒོའི་ལས་རིམ་གྱི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ རྟ་རས་ཐང་ནང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ ས་ཁོངས་ནང་ཡང་ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།

Please follow and like us: