
སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ སློབ་དཔོན་ཨྱོན་རྡོ་རྗེ་དེ་ ལྕགས་རི་སྒྲུབ་སྡེ་ལྟེ་བའི་ དབུ་འཛིན་གྱི་ གོ་གནས་ཁར་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སྐྱེས་ལོ་ ༥༥ འབད་མི་ སློབ་དཔོན་ཨྱོན་རྡོ་རྗེ་གིས་ གོ་གནས་དེ་གི་ཧེ་མར་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ སྤྱི་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༣ ལས་ ཤར་བདེ་ཆེན་ཆོས་གླིང་སྒྲུབ་སྡེའི་ སློབ་དཔོན་སྦེ་ཡང་ ལོ་ངོ་ ༡༧ གྱི་རིང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།
སློབ་དཔོན་ཨོ་རྒྱན་རྡོ་རྗེ་དེ་ སྐྱེས་ལོ་ ༨ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ རང་ལུགས་དཔལ་ལྡན་འབྲུག་པའི་ གར་ཐིག་དབྱངས་ ༣ ལ་སོགས་པ་ཚུ་ལུ་ སྦྱངས་བརྩོན་མཐིལ་ཕྱིན་འབད་བའི་ཤུལ་ལས་ ལྕགས་རི་དང་ རྟ་མགོ་ལུ་ མཁས་དབང་ཞིང་གཤེགས་ སྒྲ་སློབ་བགྲེསཔ་ ཀུན་ལེགས་རྒྱལ་མཚན་དང་ སྐྱབས་རྗེ་དགེ་བཤེས་དགེ་འདུན་རིན་ཆེན་ཚུ་ལས་ མདོ་སྔགས་རིག་གཞུང་ཚུ་ལུ་ ཐོས་བསམ་ཚུ་ མཐར་ཕྱིན་པར་སྦྱངས་ནུག།
སྤྱི་ལོ་ ༡༩༩༧ ལུ་ རྟ་མགོ་ལས་ འཛིན་གྲྭ་དགུ་པ་ ཐེངས་དང་པ་ མཐར་འཁྱོལ་མིའི་ གྲངས་སུ་ཡང་ཨིནམ་ད་ དེ་གི་ཤུལ་ལས་ རྟ་མགོ་ཆེས་མཐོ་རིག་པའི་ བཤད་གྲྭའི་ནང་ ལེགས་སྦྱར་བ་སྦེ་་ ལོ་ངོ་ ༥ གི་རིང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ ཞིང་གཤེགས་དམ་པ་ སྐྱབས་རྗེ་ཡོན་ཏན་འོད་ཀྱི་ཞབས་ལས་ བསྐྱེད་རྫོགས་ཀྱི་རིམ་པ་སྤྱི་དང་ ལྷག་པར་དུ་ ལྟ་བ་ཕྱག་རྒྱ་ཆེན་པོ་ སྒོམ་པ་ནཱ་རོ་ཆོས་དྲུག་ སྤྱོད་པ་རོ་སྙོམས་བསྐོར་དྲུག་ལ་སོགས་པའི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ ལྕགས་རི་ལུ་ ལོ་གསུམ་ཕྱོགས་གསུམ་ཚུ་ གནང་ཡོད་པའི་གནས་ཚུལ།






Users Today : 1049
Users Yesterday : 1303
This Month : 66721
This Year : 295562
Total Users : 1007378
Views Today : 2445
Total views : 2928477
Who's Online : 7