
བི་བི་སི།
རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ མ་ནི་པུར་ལུ་ མི་རིགས་ལུ་བརྟེན་པའི་ དཀའ་ངལ་ཐོན་ཏེ་ ཟླ་ངོ་ ༢ དེ་ཅིག་ ལང་དོ་ཡོདཔ་ད་ མི་ལེ་ཤ་ཅིག་གི་སེམས་ཁར་ མ་ནི་པུར་ལུ་ ནང་འཁྲུག་ལང་ནི་གི་ དུས་ཚོད་ཁར་ ལྷོད་ཡོད་པའི་ ཡིད་ཆེས་ཡང་བསྐྱེདཔ་ཨིན་པས།
དེ་ཡང་ མི་རིགས་མེ་ཏི་དང་ ཀུ་ཀི་ཟེར་མི་ མི་སྡེ་ ༢ ཀྱི་བར་ན་ འཛིང་འཁྲུག་ལང་པ་ལུ་བརྟེན་ཏེ་ ད་ཚུན་གྱི་བར་ན་ མི་གྲངས་ ༡༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ༤༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ མི་གྲངས་ ༦༠,༠༠༠ དེ་ཅིག་གི་ སྡོད་གནས་ཚུ་ཡང་བྱང་སྟེ་ གནས་སྐབས་ཀྱི་ སྒར་ཚུ་ནང་ སྡོདཔ་ཨིན་པས།
རྒྱ་གར་གྱི་ དྲག་པོའི་དམག་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱེལཝ་འཇོམས་ཐབས་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ ཟིང་ཚོགས་ཚུ་གིས་ བྱེལཝ་འགོ་བཙུགས་པའི་ ཉིན་མ་ལས་ཚུར་ ཁྲིམས་སྲུང་འགག་སྡེའི་ གོ་མཚོན་མཛོད་ཁང་ཚུ་ནང་ འཕྲོག་བཅོམ་འབད་དེ་ མཚོན་ཆ་ ༤.༠༠༠ ལྷགཔ་ཅིག་ འབག་འགྱོ་མིའི་གྲས་ལས་ བཞི་དཔྱ་ ༡ གི་རྩིས་ ལོག་སྤྲོད་ནུག།
དེ་སྦེ་ མི་སྡེ་གཉིས་ཆ་རའི་ ཁ་ཐུག་ལས་ གཅིག་གིས་གཅིག་ལུ་ བློ་གཏད་མེད་པའི་ གནས་སྟངས་མང་སུ་ཐོན་པའི་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ ཕྱོགས་ལྷུང་འབད་བའི་ ཁ་ཉེས་ཚུ་ཡང་ བཀལ་དོ་ཡོདཔ་ཨིན་པས།
བྱེལཝ་དེ་ནང་ ཡེ་ཤུའི་ལྷ་ཁང་ ༢༠༠ དེ་ཅིག་དང་ ཧིན་དུའི་ལྷ་ཁང་ ༡༧ དེ་ཅིག་ མེདཔ་བཏང་པ་གིས་མ་ཚད་པར་ སྡོད་ཁྱིམ་ཚུ་ལུ་ མེ་སྤར་ཏེ་ བློན་པོ་དང་ ཁྲིམས་བཟོའི་འཐུས་མི་ཚུ་ལུ་ཡང་ གནོདཔ་བཀལ་ནུག།
མ་ནི་པུར་མངའ་སྡེའི་ རྫོང་ཁག་ ༡༦ གི་ ས་གནས་ཁག་མང་རབས་ཅིག་ནང་ ནུབ་མོའི་འགྲུལ་བཀག་ཚུ་ ལག་ལེན་འཐབ་དགོཔ་ ཐོན་པའི་ཁར་ སློབ་གྲྭ་ཚུ་ཡང་ སྒོ་བསྡམས་ཏེ་ ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ བཀག་དམ་འབད་ཡོདཔ་ད་ བཟའ་ཆས་བཀྲམ་སྤེལ་གྱི་ འཁོར་ལམ་གཙོ་བོ་ཅིག་ ངོ་རྒོལ་འབད་མི་ཚུ་གིས་ བཀག་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གི་ཁ་ཐུག་ལས་ ཞི་བདེའི་གྲོས་བསྟུན་འབད་དགོ་པའི་ གྲོས་འཆར་ལུ་ཡང་ ངོས་ལེན་ལེགས་ཤོམ་སྦེ་ མ་ཐོབ་པར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432180
Views Today :
Total views : 5000
Who's Online :