རྒྱ་གར་གྱི་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་དང་ སྲིད་འཛིན་བཱ་ཡེ་ཌེན་དང་གཅིག་ཁར་ མཐུན་ལམ་ཡར་དྲགས།

རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ རྒྱ་གར་རྒྱལ་ཁབ་ནང་ འགྲོ་བ་མིའི་ཐོབ་དབང་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ མཇུག་བསྡུ་ནི་མེད་པའི་ ཚ་གྱང་ལངམ་ལང་ས་ར་ཡོད་རུང་ ད་རེས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དེ་ ཡུ་ཨེཛ་གི་རྒྱལ་ས་ ཝ་ཤིང་ཊཱོན་ལུ་ ཉིན་གྲངས་ ༢ ཀྱི་ གཞུང་འབྲེལ་གཟིགས་སྐོར་ལུ་བྱོན་ནུག།
དེ་འབདཝ་ལས་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་དང་ འཕྲུལ་རིག་གི་ མཉམ་འབྲེལ་ཚུ་ དམ་ཟབ་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྒྱ་གར་གྱི་ བློན་ཆེན་དེ་ ཝ་ཤིང་ཊཱོན་ལུ་ ཕེབས་པའི་ཤུལ་ལས་ ཡུ་ཨེཛ་སྲིད་འཛིན་གྱིས་ ཝ་ཡིཊ་ཧ་འུཛ་ནང་སྦེ་ སྐུ་སྒེར་ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་གི་ ཚོགས་ཁང་ནང་ གསལ་བཤད་ཅིག་ གནང་པའི་ཤུལ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་དང་ ཕྱད་ཡོདཔ་མ་ཚད་ གཞུང་འབྲེལ་ཚོགས་སྟོན་ཅིག་ནང་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ ཁ་ཐུག་ལས་ རྒྱ་ནག་ལུ་ རྒྱབ་འགལ་གྱི་དོན་ལས་ རྒྱ་གར་དེ་ གལ་གནད་ཆེ་བའི་ མཉམ་རོགས་ཅིག་སྦེ་ མཐོང་སྣང་བསྐྱེད་དོ་ཡོདཔ་ད་ བློན་ཆེན་མོ་དི་གི་ ཁ་ཐུག་ལས་ཡང་ རྒྱ་གར་རྒྱལ་ཁབ་ནང་ མི་རློབས་ཐེར་འབུམ་ ༡.༤ ཡོདཔ་ལས་ འཛམ་གླིང་ནང་ མི་རློབས་མཐོ་ཤོས་ཀྱི་ རྒྱལ་ཁབ་ཅིག་སྦེ་ འཛམ་གླིང་ནང་ ཡར་དྲག་གཏང་ནི་གི་ ཐབས་ལམ་སྒྲིག་དོ་ཡོདཔ་ཨིན་པས།
བློན་ཆེན་མོ་དི་གིས་ ཨམ་ཇིལ་བཱ་ཡེ་ཌེན་གྱི་ མགྲོན་སྐྱོང་ལས་རིམ་ཅིག་ནང་ ཨ་མི་རི་ཀའི་ སློབ་ཕྲུག་ཚུ་ རྒྱ་གར་ལུ་ མགྲོན་བརྡ་འབད་བའི་ཁར་ ཝ་ཤིང་ཊཱོན་ལུ་ ཕེབས་མ་ཐག་ཏུ་ རིག་རྩལ་ཅན་གྱི་ ན་གཞོན་ཚུ་དང་ཡང་ ཕྱད་ནི་གི་ གོ་སྐབས་ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: