
སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ལས་ ཧེ་མའི་བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ བློན་པོ་བགྲེསཔ་ ཀརྨ་རྡོ་གནོན་དབང་འདུས་དེ་ དགོངས་ཞུ་ཨིན་པའི་ ངོས་ལེན་མཛད་ནུག།
རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བློན་པོ་བགྲེསཔ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སྤྱི་ཟླ་ ༦ པའི་ཚེས་ ༡༩ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ལུ་ དགོངས་ཞུའི་ཡི་གུ་ ཕུལ་མི་དང་འཁྲིལ་ཏེ་ ངོས་ལེན་མཛད་ཅི་ཟེར་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༡༨ པ་དང་འཁྲིལ་ཏེ་ཨིནམ་ད་ གལ་གནད་ཆེ་བའི་ གཞུང་སྐྱོང་གི་ གཞི་རྩ་དང་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ཚུ་གི་ ངོས་འཛིན་ལུ་ བག་ཟོན་ཅན་གྱི་ བརྩི་འཇོག་དང་ གསུང་གྲོས་མཐིལ་ཕྱིན་སྦེ་ གནང་པའི་ཤུལ་ལས་ ངོས་ལེན་མཛད་ནུག།
བློན་པོ་བགྲེསཔ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ དགེ་ལེགས་ཕུག་ འདེམས་ཁོངས་ནང་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མིའི་རྒྱུན་ལས་ ལྷན་རྒྱས་གཞུང་ཚོགས་ནང་ གལ་གནད་ཅན་གྱི་ ཕྱག་འགན་བསྣམས་ཏེ་ འབྲུག་པའི་མི་སེར་ཚུ་གི་ མཐའ་དོན་ལུ་ ཕྱག་ཕྱིད་གང་དྲག་ ཞུ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་དཔོན་གྱི་ཧོངས་ལས་ དུས་ནམ་ཡང་ བརྗེད་མ་ཚུགས་པའི་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ ད་ལས་ཕར་ཡང་ བློན་པོ་བགྲེསཔ་གི་ མ་འོངས་པའི་ མདུན་ལམ་ལུ་ བྱ་བ་ལམ་འགྲོ་ཚུ་ ལེགས་ཤོམ་སྦེ་ འབྱུང་ཚུགས་པའི་ རེ་སྨོན་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1439962
Views Today :
Total views : 5000
Who's Online :