
རོའི་ཊརཛ།
རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ གནམ་གཤིས་ཚབས་ཆེན་ལས་ ཉེན་སྲུང་འབད་ཐབས་ལུ་ བརྩོན་ཤུགས་ཐེབས་བསྐྱེད་དགོཔ་སྦེ་ ནན་སྐུལ་འབད་བའི་བར་ན་ར་ སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ རྒྱ་ནག་ལྷོ་ནུབ་ཁ་ཐུག་གི་ ཁྲོམ་ཅི་ཀིང་ལུ་ ཆརཔ་སྦོམ་སྦེ་ རྐྱབ་པའི་རྐྱེན་གྱིས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ ཆར་ཆུ་ལུ་བརྟེན་ཏེ་ ས་རུད་དང་ ཆུ་རུད་ཚུ་ ཐོན་ཡོདཔ་མ་ཚད་ རླུང་འཚུབས་དང་སྦྲགས་ཏེ་ སེརཝ་ཚུ་ཡང་ རྐྱབ་ནི་དེ་གིས་ ཚ་དྲོད་ཀྱི་ ཚད་གཞི་དེ་ཡང་ མཐོ་དྲགས་སྦེ་ གནས་ཏེ་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་ར་ རྒྱ་ནག་གི་ ས་གནས་མ་འདྲཝ་ཚུ་ནང་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་ཚུ་ཡང་ འཛམ་གླིང་ནང་ ཚ་དྲོད་ཡར་འཕར་ལུ་བརྟེན་ཏེ་ཨིན་པའི་ དོགས་པ་ཡོདཔ་ཨིན་པས།
ཅོང་ཀིང་ཁྲོམ་ཁར་ ཆུ་རུད་ཐོན་མི་དེ་གིས་ ཟམ་ལེ་ཤ་ཅིག་ མེདཔ་བཏང་པའི་ཁར་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ཡང་ འཕྱགས་བདའ་ཡོདཔ་ད་ དེ་ལས་ གཞན་ཡང་ མི་ངོམ་ ༤ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
དེ་མ་ཚད་ ཆར་ཆུ་དེ་ལུ་བརྟེན་ཏེ་ མི་སེར་ ༡༣༠,༠༠༠ ལྷགཔ་ཅིག་གི་ འཚོ་ཐབས་ཚུ་ལུ་ཡང་ གནོད་སྐྱོན་བྱུང་པའི་ཁར་ ལོ་ཐོག་ཧེག་ཊར་ ༧,༥༠༠ དེ་ཅིག་ཡང་ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག།
སྲིད་འཛིན་ཛི་གིས་ རྒྱལ་ཁམས་ཀྱི་ ཆུ་རུད་བཀག་འཛིན་དང་ ཐན་ཤུགས་རྒུད་གསོའི་ལྟེ་བ་ དེ་ལས་ གློ་བུར་འཛིན་སྐྱོང་དང་ ཆུའི་འཐོན་ཁུངས་ལྷན་ཁག་ཚུ་ག་ར་གིས་ མི་སེར་དང་ རྒྱུ་དངོས་ཉེན་སྲུང་ལུ་ གཙོ་རིམ་མཐོ་ཤོས་སྦེ་ བརྩི་འཇོག་ཐོག་ལས་ མཉམ་འབྲེལ་དམ་ཟབ་ འཐབ་དགོ་པའི་ བཀོད་རྒྱ་བཏང་ཡོདཔ་ཨིན་པས།
དངུལ་རྩིས་དང་ གློ་བུར་འཛིན་སྐྱོང་ལྷན་ཁག་གིས་ ཅོང་ཀིང་གིས་གཙོས་པའི་ རྐྱེན་ངན་བྱུང་སའི་ ས་ཁོངས་ཚུ་ནང་ རྐྱེན་ངན་རྒུད་གསོའི་དོན་ལས་ མ་དངུལ་ཡུ་ཝཱན་ས་ཡ་ ༣༢༠ དེ་ཅིག་ འཛིན་གྲོལ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432172
Views Today :
Total views : 5000
Who's Online :