
བི་བི་སི།
རྒྱ་གར་གྱི་ ལྡོག་ཕྱོགས་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་ལུ་ ཁྲིམས་འགལ་གྱི་ ཉེས་འཛུགས་བཀལ་མིའི་སྐོར་ལས་ ར་ཧཱུལ་གཱན་དྷི་གིས་ གུ་ཇ་རཏ་ ཆེ་མཐོ་ཁྲིམས་འདུན་ལུ་ ཉེས་ཁྲིམས་བཀག་ཆའི་ ཞུ་བ་འབད་ཡོད་རུང་ ཁྲིམས་འདུན་ལས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༣ པའི་ནང་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ལུ་ ར་ཧཱུལ་གཱན་དྷི་གིས་ བློན་ཆེན་མོ་དིའི་ རིགས་མིང་སྐོར་ལས་ བསམ་བརྗོད་བཤད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་བཀལ་ནུག།
དེ་མ་ཚད་ རྒྱ་གར་གྱི་ སྤྱི་ཚོགས་འཐུས་མིའི་གྲས་ལས་ཡང་ ཕྱིར་བཏོན་འབད་ཡོདཔ་ད་ ཨིན་རུང་ ཁོ་གིས་ ཁྲིམས་དོན་མཐོ་གཏུགས་ཀྱི་ བྱ་སྒོ་ཚུ་ག་ར་ མ་རྫོགས་ཚུན་ཚོད་ འཛིན་བཟུང་མི་འབད་ནི་ཨིན་པས།
སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ གྲོས་ཐག་བཅད་མི་ འཁྲུན་ཆོད་ནང་ ཀོང་གེ་རེཛ་ཚོགས་པའི་ འགོ་ཁྲིདཔ་དེ་གིས་ སང་ཕོད་ཀྱི་ རྒྱལ་ཡོངས་བཙག་འཐུའི་ནང་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཀོད་ཡོདཔ་ལས་ གཱན་དྷི་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནི་སྦེ་ཡོདཔ་ཨིན་པས།
གུ་ཇ་རཱཏ་ ཆེ་མཐོའི་ཁྲིམས་འདུན་ལས་ གཱན་དྷིའི་ཞུ་བ་ ཕྱིར་འབུད་སྐབས་ལུ་ ཁྲིམས་འདུན་ལས་ ཉེས་ཁྲིམས་དེ་ དྲང་བདེན་དང་ ཚུལ་མཐུན་ཨིནམ་སྦེ་བཤད་ནུག།
གཱན་དྷི་ལུ་ དུས་ཅི་ སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ ཉེས་ཁྲིམས་བཀལ་བའི་ ཉིནམ་ ༡ གི་ཤུལ་ལས་ར་ སྤྱི་ཚོགས་ནང་གི་ སྡོད་ཁྲི་བྱང་ཡོད་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ ཁྲིམས་བཟོའི་འཐུས་མི་ཅིག་ལུ་ ཉེས་འགེལ་གྱི་ བཙོན་ཁྲིམས་ལོ་ངོ་ ༢ དང་ ཡང་ཅིན་ དེ་ལས་ལྷག་སྟེ་ ཕོག་མི་དེ་ དེ་འཕྲལ་ལས་ ཁྱད་ཚད་མ་གྲུབ་པའི་གྲངས་སུ་ བརྩི་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 583
Users Yesterday : 6933
This Month : 64952
This Year : 293793
Total Users : 1005609
Views Today : 7061
Total views : 2923478
Who's Online : 6