
སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༩ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ འབྲུག་མི་ཡོངས་ཀྱི་ སྐྱིད་སྡུག་གི་ཕམ་ མགུ་གཏད་ཀྱི་གོངམ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ གཟིགས་ནི་ལས་ལྷག་སྟེ་ སྤྱི་ཚོགས་ལུ་ ཐུགས་བརྩེས་གཟིགས་ཏེ་ ཚོགས་ཐེངས་མཇུག་བསྡུའི་ རྟེན་འབྲེལ་ནང་ བྱོན་གནང་མི་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ ཚོགས་དཔོན་གྱི་ཧོངས་ལས་ སྒོ་ ༣ གུས་ཞབས་དང་བཅས་པའི་ བྱོན་པ་ལེགས་སོ་དང་ བཀྲིན་དགའ་ཚོར་ཞུ་ཡི།
དེ་བཟུམ་སྦེ་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཞི་དྲག་ལས་སྡེ་ཁག་གི་ དཔོན་ཁག་དང་ འགོ་དཔོན་ དེ་ལས་ དཔོན་ཁག་རྒས་ཤོས་ཚུ་དང་ ཕྱི་འབྲེལ་སྐུ་ཚབ་དང་ དོན་གཅོདཔ་ཚུ་གིས་ཡང་ གྲལ་གཏོགས་མཛད་མི་ལུ་ བྱོན་པ་ལེགས་སོ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་ཚ་གྱང་ ག་དེམ་ཅིག་ བཞེས་དོ་ཡོདཔ་ཨིན་ན་འདི་ འབྲུག་མི་ཡོངས་ཀྱིས་ མཁྱེན་གསལ་ཆེ་ཟེར་ཞུ་ཡི།
དེ་ཡང་ ད་རེས་ཀྱི་ ཚོགས་ཐེངས་འདི་ འགོ་འབྱེད་གནང་ཚརཝ་ཅིག་ སྐུ་ངལ་གནང་སྟེ་ མ་བཞུགས་པར་ དེ་འཕྲལ་ལས་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ བདེ་སྲུངཔ་ཤོ་ཐེངས་ ༥༦ པའི་ སྦྱོང་བརྡར་ལས་རིམ་ནང་ མོ་བཏབ་ཀྱི་དོན་ལས་ གཞི་རྟེན་དམག་སྦྱོང་འབད་མི་ཚུ་གི་ སློབ་སྦྱོང་མཐར་འཁྱོལ་ རྟེན་འབྲེལ་ནང་ བྱོན་གནང་སྟེ་ ག་ནི་བ་ གལ་ཆེ་བའི་ བཀའ་སློབ་དང་ ཞལ་བཀོད་བཟང་པོ་ཚུ་ གསུངས་གནང་ཡི་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་སྲུང་སྤེལ་ཁང་གི་ ལས་འགུལ་འདི་ སྤུས་ཚད་ཅན་སྦེ་ ཐུགས་དགོངས་ལྟར་དུ་ འགྲུབ་ཚུགས་ནིའི་དོན་ལས་ འཕྲལ་འཕྲལ་སྦེ་ར་ ལས་འགུལ་གྱི་ ས་ཁོངས་ཚུ་ནང་ གཟིགས་ཞིབ་གནང་སྟེ་ སྦྱོང་བརྡར་འབད་མི་ཚུ་ལུ་ སྐྱིད་ཉམས་བདེ་སྐྱོང་གི་སྒོ་ལས་ སྦྱོང་བརྡར་གྱི་ གོ་སྐབས་གནང་སྟེ་ མི་ཚེ་སྐྱོང་ཚུགས་པའི་ གོ་སྐབས་གསར་བཟོ་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
དེ་ལས་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་གི་ འཚོ་བའི་གནས་ཚད་ ཡར་དྲག་གཏང་ནི་གི་ སྐྱིད་སྡུག་དང་ མི་མང་གི་ ཞབས་ཏོག་ལུ་ སྔར་ལས་ལྷག་པའི་ སྙིང་རུས་བསྐྱེད་བཅུག་ནི་ལུ་ ཐུགས་ཀྱི་བརྩེ་བས་གཟིགས་ཏེ་ དངུལ་ཕོགས་ཡར་སེང་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་དགོ་པའི་ བཀའ་སློབ་དང་ རྒྱབ་སྐྱོར་སྦོམ་སྦེ་ར་ གནང་མི་ལུ་ཡང་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
འབྲུག་མི་ག་ར་ ཐུགས་བག་ཆགས་ཏོག་ཏོ་དང་ ཧེང་སྐལ་ར་ དགའ་སྐྱིད་དང་ལྡནམ་སྦེ་ སྡོད་ཚུགས་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མི་མང་ལུ་ ཐུགས་མཉེས་ཀྱི་ གནས་ཚུལ་བཟངམོ་ཅིག་ ག་ཅི་གསུངས་གནང་ཡི་ཟེར་བ་ཅིན་ དུས་ཅི་ གནམ་སེར་ཁ་ལུ་ མི་དབང་རྒྱལ་བཙུན་མཆོག་ལས་ མི་དབང་རྒྱལ་སྲས་རྣམ་གཉིས་ཀྱི་ སྐུ་མཆེད་ཅིག་ སྐུ་འཁྲུངས་ནི་སྦེ་ གསུངས་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ གུས་ཞབས་དང་བཅས་པའི་སྒོ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རང་ཟླ་ ༤ པའི་ཚེས་ ༢༩ ལས་ རང་ཟླ་ ༥ པའི་ཚེས་ ༤ ཚུན་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ འབྱུང་བཞིའི་རྐྱེན་ངན་ ཞི་ཐབས་ལུ་ ལྷ་མགོན་གྱི་ མདོས་ཆོག་དང་ དཔལ་འབྱོར་གྱི་གནས་སྟངས་ ཉམས་རྒུད་བཟློག་ཐབས་ལུ་དམིགས་ཏེ་ མགོན་པོ་ཚེ་དཔག་མེད་ཀྱི་སྒོ་ལས་ ཚེ་ཁུག་གཡང་ཁུག་ བསྒྲུབས་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ ཚོགས་ཐེངས་ནང་ རྩིས་ལོ་ ༢༠༢༢-༢༠༢༣ གྱི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ནང་གསལ་ལྟར་དུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༢,༣༡༧.༣༧༧ ལྷགཔ་ཅིག་དང་ མི་སྡེ་གོང་འཕེལ་གྱི་ འཆར་གཞིའི་ལས་རིམ་ཚུ་ གྲུབ་འབྲས་ཅན་སྦེ་ འབྱུང་ཐབས་ལུ་ རྩིས་ལོ་ ༢༠༢༣- ༢༠༢༤ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ནང་གསལ་ལྟར་དུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༨༥,༥༢༢.༥༣༦ ལྷགཔ་ཅིག་ ཚོགས་ཁང་ ༢ ཀྱིས་ ཆ་འཇོག་གྲུབ་མི་དེ་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་གྲོལ་ཡང་ གནང་ཡི་ཟེར་ཨིན་པས།
འབྲུག་གི་དངུལ་ཕོགས་ བསྐྱར་བཟོའི་དཔྱད་ཡིག་འདི་ཡང་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་གི་མཐའ་དོན་ལུ་ གསུང་གྲོས་ཚུ་ ཞིབ་ཏོག་ཏོ་སྦེ་ གནང་ཞིནམ་ལས་ ཆ་འཇོག་གྲུབ་སྟེ་ བཀའ་འགྲོལ་གྱི་དོན་ལུ་ མི་དབང་ཞབས་སར་ ཕུལ་ནི་སྦེ་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་གི་རྒྱལ་ཡོངས་ཨང་གནས་ཅན་གྱི་ ངོ་རྟགས་དཔྱད་ཡིག་དེ་ཡང་ ཚོགས་ཁང་ཕན་ཚུན་ ༢ ཀྱིས་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ངོས་ལེན་ཕུལཝ་མ་ཚད་ གསུང་གྲོས་ཚུ་ཡང་ མ་བཏུབ་བཏུབ་སྦེ་ གནང་ཞིནམ་ལས་ ཆ་འཇོག་གྲུབ་སྟེ་ བཀའ་འགྲོལ་གྱི་དོན་ལུ་ མི་དབང་ཞབས་སར་ ཕུལ་ནི་སྦེ་ གྲ་སྒྲིག་རྐྱབ་སྟེ་ཡོདཟེར་ཞུ་ཡི།
དེ་ལས་ གཞན་ཡང་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་ དཔྱད་ཡིག་དང་ བང་ལ་དེཤ་ མི་སེར་རྒྱལ་ཁབ་ཀྱི་གཞུང་དང་ འབྲུག་རྒྱལ་གཞུང་གི་བར་ན་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་ གན་རྒྱ་དང་ གན་འཛིན། བེང་གྷལ་མཚོ་ཁུག་ སྣ་མང་ལས་སྡེའི་ འཕྲུལ་རིག་དང་ དཔལ་འབྱོར་མཉམ་འབྲེལ་ཐབས་རིག་ BIMSTEC གི་ བཀོད་ཁྲིམས་དང་། དབང་པོ་སྐྱོན་ཅན་ཚུ་གི་ ཐོབ་དབང་མཐུན་གྲོས་ཚུ་ རྒྱལ་ཡོངས་ཚོགས་འདུ་གིས་ གསུང་གྲོས་གནང་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་དཔྱད་ཡིག་དང་། འབྲུག་གི་ཞི་བའི་ཉེས་འཁྲིའི་དཔྱད་ཡིག། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་ལྟར་རྩིས་ཞིབ་སྙན་ཞུའི་གུ་ དམངས་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ཕུལ་མི་ གྲོས་འདེབས་ཚུ་ཡང་ ཆ་འཇོག་གྲུབ་ཅི་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་ སྤྱིར་དཀོན་མཆོག་གསུམ་གྱི་ ཐུགས་རྗེ་དང་ སྒོས་སུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཡོངས་ཀྱི་ སྐུ་བསོད་དབང་ཐང་དང་ གྲྭ་ཚང་ཆོས་སྡེ་ཡོངས་ཀྱི་ཐུགས་སྨོན་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ ཚོགས་ཁང་གི་ དྲུང་ཆེན་ཡིག་ཚང་དང་ འབྲེལ་ཡོད་གཙུག་སྡེ་ཚུ་གི་ མཉམ་འབྲེལ་དང་ རྒྱབ་སྐྱོར་གུ་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ལུ་བརྟེན་ཏེ་ སྤྱི་ཚོགས་གསུམ་པའི་ ཚོགས་ཐེངས་དགུ་པ་འདི་ ལེགས་ཤོམ་སྦེ་ མཇུག་བསྡུ་ཡོདཔ་སྦེ་ ཞུཝ་དང་གཅིག་ཁར་ ང་བཅས་རའི་ འབྲུག་མི་ཡོངས་ཀྱི་ སྐྱིད་སྡུག་གི་ཕམ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ཏེ་ འགྲོ་དོན་ནམ་མཁའ་དང་ མཉམ་ནིའི་དོན་ལུ་ ཞབས་བརྟན་དང་ བཀྲ་ཤིས་སྨོན་ལམ་ཚུ་ཡང་ ཕུལ་ཡོད་པའི་གནས་ཚུལ།




Users Today : 3346
Users Yesterday : 3959
This Month : 54109
This Year : 491103
Total Users : 1202919
Views Today : 6287
Total views : 3244793
Who's Online : 25