ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་ཐོན་མིའི་ནང་ མི་གྲངས་ ༢༠ ལྷགཔ་ཅིག་བྱང་སྟོར།

སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ཕྱི་རོའི་ཆུ་ཚོད་ ༧.༣༠ དེ་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ སྨད་ཚོ་རྒེད་འོག་ ཨུང་སྒར་སྤྱི་འོག་ནང་ ཆུ་རུད་ཐོནམ་ལས་ མི་གྲངས་ ༢༠ ལྷགཔ་ཅིག་ བྱང་སྟོར་ཤོར་ནུག།

དེ་བསྒང་ ཆུ་རུད་དེ་གིས་ སྨད་ཚོ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༣༢ འབད་མི་ ཡུང་གི་ཆུ་ གློག་མེ་འཕྲུལ་ཁང་ བཟོ་བསྐྲུན་གྱི་ ལཱ་འབད་མི་ བདེ་སྲུངཔ་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ སྡོད་སྒར་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།

དེ་འབདཝ་ལས་ ད་རིས་ སྤྱི་ཟླ་ ༧ པའི་ཚེས་ ༢༡ གི་དྲོ་པར་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ དབུ་ཁྲིད་ཐོག་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་མི་དང་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ལུ་ རྒྱབ་སྐྱོར་གྱི་དོན་ལས་ ལྷུན་རྩེ་ལུ་བྱོན་ནུག།

ད་ཚུན་གྱི་བར་ན་ སྲོག་སྐྱབས་འབད་མི་ཚུ་གིས་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ལས་ མི་རོ་ ༧ ཐོབ་ཡོད་པའི་གནས་ཚུལ།

Please follow and like us: