
ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ འདི་ ནང་པ་སངས་རྒྱས་པའི་ ཆོས་ལུགས་འཛིན་མི་ཚུ་གི་དོན་ལུ་ དུས་ཆེན་རྩ་ཆེ་ཤོས་ཅིག་ཨིནམ་ལས་ འབྲུག་རྒྱལ་ཁབ་མཐའ་དབུས་ག་རའི་ནང་ རང་སོའི་འབྱོར་པ་དང་བསྟུན་ཏེ་ ཕྱག་མཆོད་སྦྱིན་སྟོང་ལ་སོགས་པའི་སྒོ་ལས་ བརྩི་སྲུང་ཞུ་ཡི།
དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་་ཝ་རཱ་ཎ་སི་ དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ ནགས་ཚལ་ནང་ བཀའ་དང་པོ་ བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་ འགོ་དང་པ་ བསྐོར་གནང་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས།
དུས་ཅི་ དུས་ཆེན་འདི་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཕོག་ཡོདཔ་བཞིན་དུ་ གཞུང་སྒེར་ལས་སྡེ་ཁག་གི་ ཡིག་ཚང་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་ཡོདཔ་མ་ཚད་ མི་སེར་སོ་ནམ་པ་ཚུ་གིས་ཡང་ རང་སོའི་སོ་ནམ་གྱི་ལཱ་ཚུ་ བཤོལ་བཞག་སྟེ་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པ་ཚུ་ལུ་ བརྩོན་ཤུགས་བསྐྱེད་དེ་ དགེ་བའི་ལཱ་ཚུ་འབད་ནུག།
ག་དེ་སྦེ་ར་ཨིན་རུང་ རང་ལུགས་ཐུན་མོང་མ་ཡིན་པའི་ བསྟན་རྩིས་ཀྱི་གཞུང་ཚུ་ལས། ཆུ་སྟོད་ཟླ་བའི་ཚེས་བཞི་ལ། །འཇིག་རྟེན་མེས་པོ་ཚངས་པ་ཡིས། །གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། །བརྒྱ་བྱིན་དུང་དཀར་གཡས་འཁྱིལ་སོགས། །ཕུལ་ཞིང་གསོལ་ངོར་ལྔ་སྡེ་ལ། །ཝ་ར་ཎཱ་སིར་བདེན་པ་བཞིའི། །ཆོས་འཁོར་ཐོག་མ་བསྐོར་ནས་ལོ། །ཟེར་གསུངས་དོ་བཟུམ་སྦེ་ དུས་ཅི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་འཁོར་དང་པ་ བསྐོར་གནང་སྟེ་ ལོ་ངོ་ ༣,༡༢༥ འཁོར་བའི་ དུས་ཆེན་ཨིན་ཟེར་ ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ ཕེཛ་བུག་ནང་ བཀོད་འདུག་པའི་གནས་ཚུལ།






Users Today : 1120
Users Yesterday : 1303
This Month : 66792
This Year : 295633
Total Users : 1007449
Views Today : 2659
Total views : 2928691
Who's Online : 11