ལྷུན་རྩེ་རྫོང་ཁག་ ཨུང་སྒར་ལུ་ ཆུ་རུད་ཐོན་ཏེ་ མི་ གྲངས་ ༢༣ གྱི་ ཚེ་སྲོག་ལུ་བར་རྐྱེན།

སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ཕྱི་རོའི་ཆུ་ཚོད་ཕྱེད་དང་ ༨ དེ་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ སྨད་ཚོ་རྒེད་འོག་ ཨུང་སྒར་སྤྱི་འོག་ལུ་ གློ་བུར་དུ་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ ཨ་ལོ་ ༨ བརྩིས་ཏེ་ མི་གྲངས་བསྡོམས་ ༢༣ གྱི་ ཚེ་སྲོག་ལུ་ བར་རྐྱེན་བྱུང་ནུག།
དེ་བསྒང་ ཆུ་རུད་དེ་གིས་ སྨད་ཚོ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༣༢ འབད་མི་ གློག་མེ་འཕྲུལ་ཁང་ བཟོ་བསྐྲུན་གྱི་ ལཱ་འབད་མི་ བདེ་སྲུངཔ་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ སྡོད་སྒར་ཚུ་ ཕྱགས་བདའ་བའི་གུ་ སྣུམ་འཁོར་ཚུ་དང་ འཕྲུལ་ཆས་ཚུ་མ་ཚད་ ས་གནས་ཀྱི་ འབྱ་ཞིང་དང་ ནོར་ ༡༠ དེ་ཅིག་ཡང་ ཕྱགས་བདའ་ཡོདཔ་ཨིན་པས།
སྤྱི་ཟླ་ ༧ པའི་ཚེས་ ༢༡ གི་དྲོ་པར་ མོང་སྒར་རྒྱལ་པོའི་ཞིང་ལས་ རྒྱལ་པོའི་སྐུ་ཚབ་ མི་དབང་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ བྱོན་ཡོདཔ་མ་ཚད་ ཕྱི་རོ་ཁམས་ཅིག་ཁར་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ དབུ་ཁྲིད་འོག་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ཡང་ བྱོན་ཡོདཔ་བཞིན་དུ་ གནས་སྟངས་ཚུ་ལུ་ བརྟག་ཞིབ་མཛད་ནུག།
སྐྱེས་ལོ་ ༢༨ འབད་མི་ བདེ་ཆེན་དཔལ་ལྡན་གྱིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ མོ་རང་དང་ མོ་གི་རྨགཔ་དེ་ ཐབ་ཚང་ནང་ ཕྱི་རོའི་བཞེས་སྒོ་འབད་དེ་ སྡོད་པའི་བར་ན་ སྐད་མ་འདྲཝ་ཅིག་ གོ་བའི་འཕྲོས་ལས་ ཕྱི་ཁར་ཐོན་ཏེ་བལྟཝ་ད་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ བདེ་སྲུངཔ་གི་ སྡོད་ཁྱིམ་ཚུ་ ཆུ་རུད་ཀྱིས་ འཕྱག་འབག་སར་ མཐོང་ཅི་ཟེར་ཨིན་པས།
དེ་སྦེ་ རྐྱེན་ངན་བྱུང་སར་ གནམ་ལངས་མ་ཐག་ཏུ་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ བདེ་སྲུངཔ་ ས་གནས་ཀྱི་མི་སེར་ དེ་ལས་ རིག་གསར་སྒེར་སྡེའི་ནང་ ལཱ་འབད་མི་ཚུ་གིས་ ཕུངམོ་འཚོལ་ནི་ འགོ་བཙུགས་ཡོདཔ་ད་ ས་ཁོངས་དེ་ནང་བཞག་མི་ ས་བརྐོ་འཕྲུལ་ཆས་དང་ སྣུམ་འཁོར་ཚུ་ཡང་ག་ར་ ཕྱགས་བདའ་ནུག།
ད་ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཕོ་སྐྱེས་ ༣ དང་ ཨམ་སྲུ་ ༤ འབདཝ་ད་ མི་ངོམ་ ༧ གྱི་ ཕུངམོ་ཐོབ་ཡོད་རུང་ མི་གྲངས་ ༡༦ འཚོལ་མ་ཐོབ་པར་ཡོདཔ་ལས་ འཚོལ་ཞིབ་ཀྱི་ ལཱ་འབད་མི་ཚུ་ ཧེང་བཀལ་བཙུགས་ཐོག་ལས་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ མ་བྱུང་པའི་ ཉིནམ་ ༣ གྱི་ཧེ་མར་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཡོདཔ་ཨིན་རུང་ དེ་ཚེ་ ཕྱི་རོ་ཁམས་ཅིག་ཁར་ ཆརཔ་རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་སྦེ་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: