མ་ཡཱན་མར་ལུ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁང་ནང་ལས་ གནས་སྤོ་སྟེ་ སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་བཞག་ཡོདཔ།

བི་བི་སི།
མ་ཡཱན་མར་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དྲག་པོའི་དམག་སྡེ་གིས་ གཞུང་སྐྱོང་ནང་ལས་ ཕྱིར་བཏོན་འབད་དེ་ བཙོན་ཁང་ནང་བཞག་མི་ ཞི་བའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ ད་རེས་ནངས་པར་ གནས་སྤོ་ཐོག་ལས་ གཞུང་གི་སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་ཡོདཔ་ཨིན་པས།
དེ་ཡང་ ནེ་པི་ཏའོ་ཟེར་སར་ གཞུང་གི་སྒྲིང་ཁྱིམ་ཅིག་ནང་ ཁྱིད་ཡོདཔ་ད་ ད་ཚུན་གྱི་བར་ན་ བཙོན་ཁང་ནང་ མོ་རང་རྐྱངམ་གཅིག་སྦེ་ མི་ག་དང་ཡང་ ཕྱད་མ་བཅུག་པར་བཞག་ནུག།
སྐྱེས་ལོ་ ༧༨ འབད་མི་ ཨམ་ཨང་སཱན་སུ་ཀི་ལུ་ དྲག་པོའི་དམག་སྡེ་གིས་ གསང་བའི་ཐོག་ལས་ རྩོད་བཤེར་ལག་ལེན་འཐབ་སྟེ་ ལོ་ངོ་ ༣༣ གྱི་ བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན་པས།
མོ་གི་སྐོར་ལས་ ལོ་ངོ་ ༢ ལྷགཔ་ཅིག་གི་ དུས་ཡུན་ནང་ གནས་ཚུལ་ག་ནི་ཡང་ མ་ཐོན་པར་ཡོདཔ་ད་ ད་རེས་ བཙོན་ཁང་ནང་ལས་ གནས་སྤོའི་སྐོར་ལས་ཡང་ མ་ཡཱན་མར་དམག་སྡེའི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།
ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ལུགས་ལྟར་དུ་ གདམ་འཐུ་ལས་གྲུབ་པའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁྲིམས་ལས་ གློད་གྲོལ་བཏང་དགོ་པའི་ ནན་སྐུལ་དང་བསྟུན་ཏེ་ སྡོད་ཁྱིམ་ཅིག་ནང་ གནས་སྤོ་བཞག་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: