
སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ རྒྱ་གར་གྱི་ དཱན་ཏག་ལས་འགུལ་དང་ འབྲུག་གི་གཞུང་དབང་ཚོང་ལས་ཁང་ཅིག་ཨིན་མི་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་ཚད་ཀྱི་བར་ན་ རང་བཞིན་རྐྱེན་ངན་ལུ་ གདོང་ལེན་གྱི་ལཱ་དང་འབྲེལ་བའི་ ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ནུག།
ཆིངས་ཡིག་དེ་ནང་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་གྱིས་ དཱན་ཏག་ལས་འགུལ་ལུ་ ས་བརྐོ་འཕྲུལ་གླང་ ༤ དང་ ས་རྡོའི་དོས་སྐྱེལ་འཕྲུལ་གླང་ ༤ འབདཝ་ད་ འཕྲུལ་ཆས་ ༨ དེ་ཅིག་ དུས་ཡུན་ཆུ་ཚོད་ ༡,༠༠༠ གི་དོན་ལུ་ གླ་ཁར་སྤྲོད་ནི་ཨིན་པས།
དེ་ཡང་ ཟླ་བའི་ནང་ ཕབ་པ་ཅིན་ ཟླ་ངོ་ ༦ གི་ ལཱ་ཚུ་གི་དོན་ལུ་ཨིནམ་ད་ འཕྲུལ་ཆས་གླ་ཁར་ལེན་ནི་དེ་ དཱན་ཏག་ལས་འགུལ་ལུ་ ས་མཚམས་འཁོར་ལམ་གྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ གནང་བ་གྲོལ་ནུག།
མཉམ་འབྲེལ་འདི་གི་ དམིགས་གཏད་གཙོ་བོ་ར་ གནམ་བྱཱར་ཆར་ཆུའི་དུས་ཚོད་ནང་ ནུབ་ཕྱོགས་དང་ ཤར་ཕྱོགས་ལུང་ཕྱོགས་ ༢ ཆ་རའི་ནང་ ས་རུད་ཀྱི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ དཱན་ཏག་ལས་འགུལ་གྱི་ལག་པར་ འཕྲུལ་ཆས་ཁ་སྐོང་ བཞག་ཟབས་ལུ་ཨིན་པས།
དེ་མ་ཚད་ འཕྲུལ་ཆས་དེ་ཚུ་ལུ་བརྟེན་ཏེ་ དཱན་ཏག་གིས་ དགོས་མཁོ་ཡོད་པའི་ ཉམས་བཅོས་དང་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིནམ་སྦེ་བཀོད་ནུག།
ཆིངས་ཡིག་དེ་ནང་ དཱན་ཏག་ལས་འགུལ་དང་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་ ༢ མཉམ་འབྲེལ་ཐོག་ལས་ འཁོར་ལམ་གསར་བཏོན་གྱི་ ས་བརྐོའི་ལཱ་ཚུ་གི་གྲས་ལས་ གཙོ་བོ་ར་ འབྲུག་ཤར་ཕྱོགས་ལུ་ ངང་ལམ་-བདེ་བའི་ཐང་གི་ འཁོར་ལམ་གྱི་ ལཱ་ཚུ་ནང་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དཱན་ཏག་ལས་འགུལ་དང་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་ ༢ ཀྱི་ མཉམ་འབྲེལ་ལཱ་དེ་གིས་ ཁོང་འདུས་ཚོགས་ ༢ ཀྱི་བར་ན་ ཟུང་འབྲེལ་མཐུན་ལམ་ སྒྲིང་སྒྲིང་བཟོ་ནི་དང་ མཉམ་རུབ་ཐོག་ལས་ ས་རུད་ལུ་ གདོང་ལེན་གྱི་ ལཱ་ཚུ་འབད་ནིའི་ནང་ ཁས་ལེན་ཡོད་པའི་ རྟགས་མཚན་སྟོནམ་མ་ཚད་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་དང་ མཉམ་འབྲེལ་ལུ་ཡང་ ཁས་ལེན་ཐོག་ལས་ ལུང་ཕྱོགས་འདི་ནང་ མ་འོངས་པའི་ གནས་སྟངས་བཙན་ཐབས་ བཟོ་ནི་གི་ བརྡ་མཚོན་ཅིག་ཡང་ཨིན་པའི་གནས་ཚུལ།






Users Today : 1315
Users Yesterday : 1303
This Month : 66987
This Year : 295828
Total Users : 1007644
Views Today : 3202
Total views : 2929234
Who's Online : 13