
སྤྱི་ཟླ་ ༧ པའི་ཚེས་ ༡ ལས་ ཞི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ཡོདཔ་བཞིན་དུ་ དྲག་ཁག་ ༣ གྱི་ དམག་མི་ཚུ་ལུ་ཡང་ ཟླ་རིམ་དངུལ་ཕོགས་ བརྒྱ་ཆ་ ༥༥ ལས་ ༧༡ གི་བར་ན་ ཡར་སེང་འབད་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་གྱིས་ ཡིག་ཚང་བཀོད་རྒྱ་ཅིག་ བཏོན་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ གཙོ་འཛིན་གྱི་ བཀོད་རྒྱ་དང་འཁྲིལ་ཏེ་ དྲག་ཁག་ ༣ གྱི་ དམག་མི་ཚུ་གི་ དངུལ་ཕོགས་ཡར་སེང་དེ་ ཆ་འཇོག་འབད་ཡི་ཟེར་ཨིན་པས།
དངུལ་ཕོགས་ཀྱི་ ཚད་གཞི་དེ་དང་འཁྲིལ་བ་ཅིན་ དམག་མི་དཀྱུ་མ་ཚུ་ལུ་ དངུལ་ཕོགས་ཡར་སེང་དེ་ བརྒྱ་ཆ་ ༧༡ རེ་དང་ འགོ་པ་ཚུ་ལུ་ བརྒྱ་ཆ་ ༧༠ སྤྱི་དཔོན་དང་ ལིང་དཔོན་ཚུ་ལུ་ བརྒྱ་ཆ་ ༥༨ དེ་ལས་ དམག་སྲིད་འོགམ་ཡན་ཆད་ལུ་ བརྒྱ་ཆ་ ༥༥ རེ་ ཡར་སེང་འབད་ཡོད་རུང་ དངུལ་ཕོགས་ཚུ་ ཟླ་རིམ་གཞི་རྟེན་དངུལ་ཕོགས་ལུ་ གཞིར་བཞག་སྟེ་ བྱིན་ནི་མིན་པར་ སྟབས་གཅིག་ཁར་ ལག་སྤྲོད་བྱིན་ནི་ཨིནམ་ལས་ ཟུར་ཕོགས་དང་ མི་བསྡབ་ནི་ཨིན་པས་ཟེར་ ཀུན་གསལ་ནང་བཀོད་ནུག།
འགོ་དཔོན་མིན་པའི་ དབྱེ་ཁག་འོག་ལུ་ གོ་གནས་ཆུང་ཤོས་ར་ དཀྱུ་མ་ཚུ་ཨིནམ་ལས་ ཁོང་ལུ་ ཟླ་རིམ་གྱི་ གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༡༢,༥༥༥ རེ་དང་ ན་ཧིང་ དངུལ་ཕོགས་གཞི་སྒྱུར་དང་ དུས་ཅི་ དངུལ་ཕོགས་ཡར་སེང་འབདཝ་ད་ ཟླ་རིམ་དངུལ་ཕོགས་དེ་ དངུལ་ཀྲམ་ ༨,༩༡༥ དེ་ཅིག་ ཡར་སེང་ཨིན་པས།
དེ་འབདཝ་ལས་ ཐོབ་ལམ་གཞན་ཚུ་བརྩིས་ཏེ་ གོ་གནས་ཆུང་རིམ་འཆང་མི་ཚུ་གིས་ ཟླ་མིམ་དངུལ་ཕོགས་ དངུལ་ཀྲམ་ ༣༠,༠༠༠ ལྷགཔ་རེ་ འཐོབ་ནི་ཨིནམ་ད་ འགོ་དཔོན་མིན་པའི་ དམག་མི་ཚུ་གི་ ཐོབ་ལམ་ཡང་ ཚོད་བསྲེའི་འཐུས་དང་ དྲག་ཁག་ ༣ གྱི་ དམག་སྡེའི་འཐུས་ཚུ་ འཐོབ་ཨིན་པས་ཟེར་ ཀུན་གསལ་ནང་བཀོད་ནུག།
དེ་བཟུམ་སྦེ་ འགྲིམ་དཔོན་གོངམ་དེ་ འགོ་དཔོན་མིན་པའི་ དབྱེ་ཁག་ལས་ གོ་གནས་མཐོ་ཤོ་ཅིག་ཨིནམ་ད་ ཁོང་གི་གཞི་རྟེན་དངུལ་ཕོགས་དེ་ དངུལ་ཀྲམ་༢༠,༦༤༠ གུ་ དངུལ་ཀྲམ་ ༡༣,༠༠༥ ཡར་སེང་འབད་མི་དང་ ཐོབ་ལམ་གཞན་ཚུ་བརྩིས་ཏེ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་ ༤༣,༠༠༠ ལྷགཔ་རེ་ འཐོབ་ནི་ ཨིན་པས།
འགོ་དཔོན་ཚུ་གི་ དབྱེ་ཁག་ འོག་ལུ་ སྡེ་གོང་ཚུ་ལུ་ གཞི་རྟེན་ དངུལ་ཕོགས་ དངུལ་ཀྲམ་ ༢༦,༨༤༥ ཡོདཔ་བཞིན་དུ་ ད་ རེས་ དངུལ་ཀྲམ་༡༥,༨༤༠ ཡར་ སེང་འབད་ནུག།
དེ་ལས་ ལིང་དཔོན་ཚུ་གི་ ཟླ་རིམ་གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༤༡,༢༧༠ གུ་ དངུལ་ཀྲམ་ ༢༣,༩༥༠ ཡར་སེང་འབད་ཡོདཔ་ད་ དམག་སྲིད་འོགམ་གི་ གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༤༩,༤༣༥ གུ་ དངུལ་ཀྲམ་ ༢༧,༡༩༠ ཡར་སེང་འབད་ཡོདཔ་ལས་ ཟླ་རིམ་དངུལ་ཀྲམ་ ༩༠,༠༠༠ དེ་རེ་ འཐོབ་ནི་ཨིན་པས།
གུང་བློན་གོང་མའི་ ཟླ་རིམ་གཞི་རྟེན་དངུལ་ཕོགས་ དངུལ་ཀྲམ་ ༡༣༧,༨༠༠ ཡོད་མིའི་གུ་ ད་རེས་ དངུལ་ཀྲམ་ ༧༥,༧༩༠ ཡར་སེང་ཨིན་པས་ཟེར་ ཀུན་གསལ་ནང་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433436
Views Today :
Total views : 5000
Who's Online :