རྒྱལ་ཁབ་ནང་ ལཱ་གཡོག་གི་ དཀའ་ངལ་ལུ་བརྟེན་ཏེ་ འབྲུག་མི་ལེ་ཤ་ཅིག་ ཨཱཛ་ཊེ་ལི་ཡ་ལུ་ འགྲུལ་སྐྱོད་འབད་དོ་ཡོདཔ།

རོའི་ཊརཛ།
ནད་ཡམས་ཀྱི་ཤུལ་ལས་ ཨཱཛ་ཊེ་ལི་ཡའི་ རྒྱལ་སྤྱིའི་ས་མཚམས་ཚུ་ ཕྱི་རྒྱལ་གྱི་ སློབ་ཕྲུག་ཚུ་གི་དོན་ལུ་ སྒོ་ཕྱེ་ཞིནམ་ལས་ཚུར་ ཧི་མ་ལ་ཡའི་ འབྲུག་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དཀའ་ངལ་ལྕི་སུ་ ཐལ་ཡོདཔ་ལས་ འབྲུག་པའི་ན་གཞོན་ལེ་ཤ་ཅིག་ གོ་སྐབས་འཚོལ་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ འགྱོཝ་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་ ༥ པ་ཚུན་འབདཝ་ད་ ཟླ་ངོ་ ༡༡ གི་ ནང་འཁོད་ལུ་ ཡུན་རིང་གི་དོན་ལས་ འབྲུག་མི་ ༡༢,༠༠༠ ལྷགཔ་ཅིག་ ཨཱཛ་ཊེ་ལི་ཡ་ལུ་ ལྷོད་ཡོདཔ་ད་ དེ་སྦེ་ ལྷོད་མི་དེ་ ན་གཞོན་ལཱ་གཡོག་མེད་པའི་ ཚད་གཞི་གཉིས་བལྟབ་ཡོད་མི་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཆུང་ཀུ་ནང་གི་ མི་རློབས་བརྒྱ་ཆ་ ༡༥ དེ་ཅིག་ འོང་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འབྲུག་ལས་འགྱོ་མི་ ན་གཞོན་མང་ཤོས་ཅིག་ ཨཱཛ་ཊེ་ལི་ཡའི་ ནུབ་ཕྱོགས་ས་གནས་ པཱརཐ་ལུ་ གནས་བཅགས་ཏེ་ ཨ་ལོའི་སྐྱོང་གཞག་དང་ མགྲོན་སྐྱོང་ དེ་ལས་ རྩིས་བཀོད་ཀྱི་ སློབ་སྦྱོང་ཚུ་ནང་ འཛུལ་ཞུགས་འབད་ནུག།
སྐྱེས་ལོ་ ༢༥ འབད་མི་ བཀྲིས་སྐྱིད་ཅུང་ཡང་ ཧེ་མ་ ཤེས་རིག་གྲོས་སྟོན་པ་སྦེ་ སྡོད་པའི་ཤུལ་ལུ་ གོ་སྐབས་ལེགས་ཤོམ་འཚོལ་ཏེ་ ན་ཧིང་ ཨཱཛ་ཊེ་ལི་ཡ་ལུ་ ལྷོད་ཡོདཔ་ཨིན་པས།
ཁོ་གིས་ ནད་ཡམས་ཀོ་ཝིཌ་གི་ཤུལ་ལས་ རྒྱལ་ཁབ་ནང་ གོ་སྐབས་ག་ནི་ཡང་མེདཔ་ ཐལ་སོང་ཡི་ཟེར་ བཤད་ཡོདཔ་ད་ ཁོ་རང་ ནུབ་ཨཱཛ་ཊེ་ལི་ཡའི་ གཙུག་ལག་སློབ་སྡེའི་ནང་ ཚོང་བསྒྲགས་ཀྱི་ སློབ་སྦྱོང་འབད་མི་ཅིག་ཨིན་པས།
སྤྱི་ལོ་ ༢༠༡༧ ཚུན་ལུ་ འབྲུག་ལས་ ཨཱཛ་ཊེ་ལི་ཡ་ལུ་འགྱོ་མི་ ཉུང་སུ་ཅིག་ལས་མེད་རུང་ སྤྱི་ལོ་ ༢༠༢༢ ལུ་ ཨཱཛ་ཊེ་ལི་ཡའི་ ས་མཚམས་ཚུ་ སྒོ་ཕྱེ་ཞིནམ་ལས་ཚུར་ སློབ་སྦྱོང་གི་དོན་ལས་ ཨཱཛ་ཊེ་ལི་ཡ་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་དོན་ལས་ ཞུ་བ་ལྔ་བལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ལས་ ཨཱཛ་ཊེ་ལི་ཡ་དེ་ འབྲུག་མི་ལེ་ཤ་ཅིག་ཡོད་པའི་ རྒྱལ་ཁབ་ཅིག་ལུ་ གྱུར་སོང་ནུག།
སྤྱི་ལོ་ ༢༠༡༡ ལོར་ ཨཱཛ་ཊེ་ལི་ཡ་ལུ་ གཞི་བཙུགས་འབད་མི་ འབྲུག་གི་སྐུ་ཚབ་དང་པ་ བསོད་ནམས་སྟོབས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱཛ་ཊེ་ལི་ཡ་ལུ་ སློབ་སྦྱོང་གི་གླ་ཡོན་ ཧ་ལམ་ཆུང་སུ་ཅིག་དང་ སློབ་ཕྲུག་ཚུ་གིས་ རང་སོའི་ཉེ་ཚན་ཚུ་ འབོ་ཆོག་པའི་ ཆོག་ཐམ་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ ཐོབ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
ད་རེས་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ ༡༠ གྱི་ནང་ལས་ བློན་པོ་ ༦ ལུ་ ཨཱཛ་ཊེ་ལི་ཡའི་ གཙུག་ལག་སློབ་སྡེའི་ ཤེས་ཚད་ཚུ་ཡོདཔ་ཨིན་པས།
འབྲུག་གི་ཡོངས་གྲགས་ཅན་གྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་གྱི་ ཁྱད་ཚད་ཚུ་ལུ་ གཞི་མ་བརྟེན་པར་ ངལ་སངས་དང་ བདེ་ཉམས་ དེ་ལས་ མཐའ་འཁོར་གནས་སྟངས་ཚུ་གི་སྒོ་ལས་ ཚད་འཇལཝ་ཨིན་རུང་ རྒྱལ་ཁབ་འདི་གི་ དཔལ་འབྱོར་དེ་ ཆུར་བརྟེན་ནུས་ཤུགས་དང་ ལྟ་བཤལ་ལུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ གཞི་བརྟེན་དོ་ཡོདཔ་ད་ བར་སྐབས་ཅིག་ཁར་ ནུས་ཤུགས་ཀྱི་ གོང་ཚད་ཡར་སེང་འགྱོ་མི་དེ་གིས་ ཕྱི་དངུལ་གསོག་འཇོག་དེ་ ཐད་ཀར་དུ་ མར་བབས་སོང་ནུག།
དེ་མ་ཚད་ ལཱ་གཡོག་སྤྲོད་མི་སྦོམ་ཤོས་སྦེ་ གནས་ཏེ་ཡོད་མི་ མི་མང་ལས་སྡེ་འདི་ དེང་རབས་དང་བསྟུན་ཏེ་ བཟོ་ནིའི་དོན་ལུ་ ཞི་གཡོག་གཞི་སྒྱུར་འབད་མི་དེ་གིས་ཡང་ ཁྱད་ལཱ་འབད་མི་ ལེ་ཤ་ཅིག་ འཐོན་འགྱོ་ནི་ལུ་ ཤན་ཞུགས་ཡོདཔ་ཨིན་པས།
རྒྱ་གར་དང་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ འབྲུག་རྒྱལ་ཁབ་ཀྱིས་ ན་ཧིང་ སྤྱི་ཟླ་ ༩ པའི་ནང་ལས་ ས་མཚམས་སྒོ་ཕྱེ་ཡོད་རུང་ ལྟ་བཤལ་གྱི་ཁྲལ་ཚུ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ གནད་འགག་ཅན་གྱི་ བཟོ་གྲྭའི་ནང་ རེ་འདུན་བསྐྱེད་མིའི་ ཚད་གཞི་ཁར་ བསྐྱར་གསོ་འབད་མ་ཚུགས་པར་ ལུས་ཡོདཔ་ད་ ནང་ཧིང་གི་ལོ་ནང་ ན་གཞོན་ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་ ༢༨ ལུ་ གནས་ཡོདཔ་ཨིན་པས།
འབྲུག་ལུ་ རྫས་སྦྱོར་རིག་པའི་ སྦྱང་བ་ཡོད་མི་ སྐྱིད་ཅུང་གིས་ པཱརཐ་ལུ་ ལྷོད་པའི་འཕྲོས་ལས་ ཚོང་ལཱའི་གོ་སྐབས་ཐོབ་སྟེ་ ཤེས་རིག་གྲོས་སྟོན་ཅིག་ འགོ་བཙུགས་ཡོདཔ་ད་ ད་རེས་ ཁོ་གིས་ འབྲུག་ལུ་ མི་གྲངས་ ༤༠ ལས་ ༥༠ གི་བར་ན་ ལཱ་གཡོག་ཚུ་ སྤྲོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱཛ་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱངས་པར་ འོང་ཡོད་རུང་ རྒྱལ་ཁབ་དེ་ནང་ གོ་སྐབས་ཅིག་ ཐོབ་ཅི་ཟེར་ཨིནམ་ད་ ཨཱཛ་ཊེ་ལི་ཡ་ལུ་ གཡོག་གི་གོ་སྐབས་དང་ སློབ་ཕྲུག་ཚུ་གིས་ ལཱ་འབད་ནི་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་ཡོདཔ་ལས་ འབྲུག་མི་ཚུ་ ཨཱཛ་ཊེ་ལི་ཡ་ལུ་ འགྲུལ་སྐྱོད་འབད་ནི་དེ་ དེ་སྦེ་ར་ འཐོན་ནི་ཨིན་པའི་ སྔོན་དཔག་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: