མ་ཡཱན་མར་ དྲག་པོའི་གཞུང་གིས་ གློ་བུར་གནས་སྟངས་ཀྱི་ དུས་ཡུན་ཡར་སེང་ཐོག་ལས་ བཙག་འཐུ་ཕར་འགྱངས།

ཨེ་བི་སི།
མ་ཡཱན་མར་ དྲག་པོའི་དམག་སྡེ་གཞུང་གིས་ ལོ་ངོ་ཕྱེད་དང་ ༣ གྱི་ཧེ་མར་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་དབང་ཚད་ བཙན་འཕྲོག་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ གློ་བུར་གནས་སྟངས་ གསལ་བསྒྲགས་འབད་ནུག།
ཨིན་རུང་ གློ་བུར་གནས་སྟངས་ཀྱི་ དུས་ཡུན་དེ་ ཕར་འགྱངས་འབད་དེ་ཡོདཔ་ལས་ དྲག་པོའི་དམག་སྡེ་གཞུང་གིས་ འགོ་དང་པ་ ཁས་ལེན་འབད་མི་ བཙག་འཐུའི་གནས་སྟངས་དེ་ ད་རུང་ཡང་ ཟླཝ་ ༦ གི་རིང་ལུ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་སྲིད་ཚོགས་ཀྱི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ འཛིན་བཟུང་ཐོག་ལུ་ སྲིད་གཞུང་གི་དབང་ཚད་ བཙན་འཕྲོག་འབད་བའི་ཤུལལས་ གསལ་བསྒྲགས་འབད་ནུག།
དེ་བཟུམ་མའི་ གསལ་བསྒྲགས་དེ་གིས་ དྲག་པོའི་དམག་སྡེ་ལུ་ མི་སྟོབས་དང་ གོ་མཚོན་ཚུ་ རྒྱ་ཆེ་ཏོག་ཏོ་ཡོད་རུང་ བཙག་འཐུའི་ཤུལ་ལུ་ དབང་ཤུགས་མེདཔ་ལས་ དྲག་པོའི་གཞུང་ལུ་ མཚོན་ཆ་འབག་ཐོག་ལས་དང་ ཞི་བའི་སྒོ་ལས་ ངོ་རྒོལ་འབད་མི་དེ་ དབང་ལུ་བསྡུ་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིན་པས།
མ་གཞི་ མ་ཡཱན་མར་ དམག་སྡེའི་གཞུང་ལུ་ ཞི་བའི་སྒོ་ལས་ ངོ་རྒོལ་འབད་མི་ཚུ་ ཉེན་སྲུང་དམག་སྡེ་གིས་ ཚེ་སྲོག་ལུ་ ཉེན་ཁ་ཡོད་པའི་ བཙན་གནོན་འབདཝ་ལས་ ངོ་རྒོལ་འབད་མི་ཚུ་གིས་ མཚོན་ཆ་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
སྲིད་འབྲེལ་བཙོན་པ་ཚུ་གི་ ཐོ་བཞག་མི་ རང་དབང་ཚོགས་པའི་ ཐོ་བཀོད་དང་འཁྲིལ་བ་ཅིན་ ད་ཚུན་གྱི་བར་ན་ ཉེན་སྲུང་དམག་སྡེ་གིས་ མི་གྲངས་ ༣,༨༥༧ དེ་ཅིག་ དམར་བསད་འབད་ཡོདཔ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཚུ་གིས་ གནས་སྟངས་དེ་ ཞི་བའི་ཟིང་འཁྲུག་སྦེ་ གསལ་བཤད་འབདཝ་ཨིན་པས།
ད་རེས་ སྐྱེས་ལོ་ ༧༨ འབད་མི་ ཨམ་ཨང་སཱན་སུ་ཀི་དེ་ དྲག་པོའི་གཞུང་གིས་ སྲིད་དོན་དང་འབྲེལ་བའི་ ཉེས་འཛུགས་སྣ་ཚོགས་འབད་དེ་ ལོ་ངོ་ ༣༣ གྱི་ བཙོན་ཁྲིམས་བཀལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: