
སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ འབྲུག་གཞུང་གིས་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས་ ཐེངས་ ༡༨ པ་དེ་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་གནང་ནུག།
དེ་བསྒང་ འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ རྒྱལ་སྤྱི་ལས་དོན་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ པདྨ་མཚོ་མོ་དང་ རྒྱ་གར་ནིའུ་དིལླི་ལུ་ཡོད་མི་ རྒྱ་པཱན་གཞུང་ཚབ་ཡིག་ཚང་གི་ དཔལ་འབྱོར་དང་ གོང་འཕེལ་ལས་དོན་གྱི་འགོ་འཛིན་ ཧོ་ཀུ་གོ་ ཀི་ཡོ་ཀོ་ ༢ མཉམ་འབྲེལ་ཐོག་ལས་ ཁྲི་འཛིན་འབད་ཡོདཔ་ཨིན་པས།
གྲོས་བསྟུན་ཞལ་འཛོམས་དེ་ནང་ འབྲུག་ལུ་ཡོད་མི་ ཇའེ་ཀ་ཡིག་ཚང་གི་ གཙོ་འཛིན་ངོ་ཚབ་ ཡ་མ་ད་ ཏོ་མོ་ཡུ་ཀི་དང་ ཊོ་ཀི་ཡོ་ལས་ ཇའི་ཀ་ཡིག་ཚང་ལྟེ་བའི་འགོ་དཔོན་ཚུ་ དེ་ལས་ འབྲུག་གཞུང་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།
ཞལ་འཛོམས་སྐབས་ལུ་ འབྲུག་དང་ རྒྱ་པཱན་ ༢ ཀྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ གནས་ཚད་དང་ འབྲུག་ལུ་ རྒྱ་པཱན་གྱི་ གྲོགས་རམ་ཚུ་གི་སྐོར་ལས་ གསུང་གྲོས་གནང་པའི་ཁར་ ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ལས་འགུལ་དང་ དགོས་མཁོའི་དབྱེ་ཞིབ་ ༢༠༢༣ ཅན་མའི་ ཆ་ཤས་ཨིན་མི་ གྲོས་འཆར་གསརཔ་ཚུ་ལུ་ཡང་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་གི་སྡེ་ཚན་ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༣ པའི་ མཐོང་འཆར་ཚུ་གི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
སྤྱི་ལོ་ ༢༠༠༦ ལས་ ལོ་བསྟར་གྲོས་འཛོམས་གནང་ནི་ འགོ་བཙུགས་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དཔལ་འབྱོར་མཉམ་འབྲེལ བསྐྱར་ཞིབ་འབད་ནི་དང་ བསམ་འཆར་བརྗེ་སོར་ཚུ་གིས་མ་དོ་བར་ གནད་དོན་གཞན་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་གི་ གོ་སྐབས་ཐོན་ནུག།
འབྲུག་གི་ཁ་ཐུག་ལས་ འབྲུག་གི་དཔལ་འབྱོར་ གོང་འཕེལ་གྱི་དོན་ལུ་ ལས་སྡེ་མ་འདྲཝ་ཚུ་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་དང་ གྲོགས་རམ་བྱིན་མི་ལུ་ རྒྱ་པཱན་གཞུང་དང་ མི་སེར་ལུ་ ཧིང་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་པཱན་གཞུང་གི་ ཁ་ཐུག་ལས་ཡང་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་བའི་ གནས་ཚད་ལས་ གནས་ཚད་མཐོ་སུ་ལུ་ འཕོ་འགྱུར་འབད་བའི་དུས་ཚོད་ཀྱི་ཤུལ་ལས་ཡང་ འཕྲོ་མཐུད་དེ་ར་ གྲོགས་རམ་འབད་ནི་ཨིན་པའི་ ཁས་ལེན་ཡོད་ལུགས་ཚུ་འབད་ནུག།
དེ་མ་ཚད་ སྡེ་ཚན་གཉིས་ཆ་རའི་ ཁ་ཐུག་ལས་ ད་ལས་ཕར་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ཡུན་རིང་སྦེ་ གནས་ཐབས་དང་ བཙན་ཐབས་འབད་ནི་གི་ ཁས་ལེན་ཡང་བསྐྱར་འབད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433577
Views Today :
Total views : 5000
Who's Online :