
སྤྱི་ཟླ་ ༧ པའི་ཚེས་ ༣༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་རྒྱལ་ཡོངས་ཨང་གནས་ ངོ་རྟགས་བཅའ་ཁྲིམས་ གནང་བ་གྲོལ་ཡོད་མི་དེ་ རྒྱལ་རབས་ཅན་གྱི་ འགྱུར་རིམ་ཅིག་ཨིནམ་ད་ དེ་ཡང་ མི་དབང་ཞབས་ཀྱི་ དགོངས་བཞེད་དང་བསྟུན་ཏེ་ བཅའ་ཁྲིམས་འདི་གིས་ མི་སེར་རེ་རེ་བཞིན་དུ་ལུ་ རང་སོའི་སྒེར་དོན་དང་ སྒེར་དོན་གནད་སྡུད་ཚུ་ བདག་དབང་བཟུང་ཆོག་པའི་ གཞི་རྟེན་ཐོབ་དབང་ གནངམ་ཨིན་པས།
ད་རེས་ རང་དབང་རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཁབ་འདི་ ཨང་གནས་ཅན་གྱི་ དེང་དུས་ལུ་ རང་སོའི་ཉེན་སྲུང་གི་དོན་ལས་ ཡོངས་རྫོགས་ཅན་གྱི་ དབང་ཆ་ཕྱིར་སྤེལ་ཐོག་ ཨང་གནས་ངོ་རྟགས་ཀྱི་ སྒྲིག་བཀོད་ལག་ལེན་འཐབ་མི་ རྒྱལ་ཁབ་དང་པ་ཨིན་པས།
རྒྱལ་ཡོངས་ཨང་གནས་ ངོ་རྟགས་བཅའ་ཁྲིམས་འདི་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་ ལྷན་བཞུགས་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ད་ བཅའ་ཁྲིམས་དེ་ནང་ གཤམ་འཁོད་གནད་དོན་ཚུ་ ཚུདཔ་ཨིན་པས།
• དབང་ཆ་: བཅའ་ཁྲིམས་འདི་གིས་ མི་སེར་ག་རའི་དོན་ལུ་ ཨང་གནས་ཅན་གྱི་ གོ་སྐབས་ཡོདཔ་ བཟོ་ཐོག་ལས་ དགོས་མཁོ་ཡོད་པའི་ གཞུང་དང་ ཚོང་ལཱ་ནང་ ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་བཟོ་ནི།
• གནད་སྡུན་སྒེར་དབང་: མི་སེར་ཚུ་གིས་ རང་སོའི་གནད་སྡུད་ཚུ་ བདག་བཟུང་འབད་ནི་དང་ རང་སོའི་གནད་སྡུད་ཚུ་གི་ གོ་སྐབས་ལེན་ཆོག་པའི་ དབང་འཛིན་ཚུ་ལུ་ དེ་དང་འབྲེལ་བའི་ དབང་ཆ་སྤྲོད་དེ་ དྲན་ཚོར་ཅན་གྱི་ གནད་སྡུད་ཚུ་ ཉེན་སྲུང་འབད་ནི།
• གནད་སྡུད་ཉེན་སྲུང་: བཅའ་ཁྲིམས་འདི་གིས་ རྒྱལ་ཡོངས་ཨང་གནས་ངོ་རྟགས་རིམ་ལུགས་ ཉེན་སྲུང་མཐོ་དྲགས་འབད་མི་ གཞི་བཙུགས་འབད་དེ་ སྒེར་དོན་གནད་སྡུད་ཚུ་གི་ ཉེན་སྲུང་དང་ དྲང་བདེན་ཚུ་ ཡར་དྲག་གཏང་ནི།
• ཡོངས་རྫོགས་དང་ གོ་སྐབས་: བཅའ་ཁྲིམས་འདི་གིས་ ཨང་གནས་རིག་པ་ཆུང་མི་དང་ དངུལ་འབྲེལ་བརྟན་གཞི་ཆུང་ཀུ་ དེ་ལས་ དམིགས་བསལ་གྱི་ དགོས་མཁོ་ཡོད་མི་ ངོ་རྐྱང་ཚུ་གི་དོན་ལུ་ ཡོངས་རྫོགས་ཅན་གྱི་ གོ་སྐབས་ཚུ་ སྤྲོདཔ་ཨིན་པས།
བཅའ་ཁྲིམས་འདི་དང་འཁྲིལ་ཏེ་ འབྲུག་མི་ཚུ་དང་ གནས་སྡོདཔ་ཚུ་ལུ་ ཨང་གནས་ཐོག་གི་ དངུལ་སྤྲོད་ལེན་དང་ དངུལ་ཁང་ཞབས་ཏོག་ དེ་ལས་ ལཱ་གཡོག་གི་ བྱ་སྒོ་དང་ གཞུང་ལས་ མི་སེར་ལུ་ ཞབས་ཏོག་ཚུ་གི་ ཁེ་ཕན་ཡོདཔ་ཨིན་པས།
གོ་སྐབས་འདི་ཚུ་ ད་རེས་ གོང་འཕེལ་བཏང་པའི་བསྒང་ཡོད་མི་ འབྲུག་རྒྱལ་ཡོངས་ཨང་གནས་ངོ་རྟགས་རིམ་ལུགས་བརྒྱུད་དེ་ ལག་ལེན་འཐབ་ཚུགས་ནི་དང་། དེ་ཡང་ གོབ་ཊེག་གི་དོན་ལུ་ འབྲུག་གཞུང་གི་ ཡན་ལག་ཚོང་སྡེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གོབ་ཊེག་གི་ དྲུང་ཆེན་ངོ་ཚབ་ འཇིགས་མེད་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཨང་གནས་ངོ་རྟགས་འདི་ ཨང་གནས་ཅན་གྱི་ འབྲུག་ཡུལ་གྱི་ གཞི་རྟེན་གཙོ་བོ་ཅིག་ཨིནམ་ད་ དེ་གིས་ མི་དབང་མངའ་ཞབས་མཆོག་གི་ དགོངས་བཞེད་ལྟར་དུ་ འབྲུག་མི་ཚུ་ལུ་ དབང་ཆ་སྤྲོད་དེ་ གཞུང་ལས་ མི་སེར་ལུ་ ཞབས་ཏོག་དང་ ལྕོགས་སྒྱུར་ ལེགས་སྒྱུར་ཐོག་ལས་ རྒྱལ་ཁབ་ནང་ ཚོང་ལཱའི་གནས་སྟངས་དང་ འཐོན་སྐྱེད་ཡར་སེང་ཚུ་ འབད་ཚུགས་ནི་ཨིན་པའི་གནས་ཚུལ།




Users Today : 1188
Users Yesterday : 1303
This Month : 66860
This Year : 295701
Total Users : 1007517
Views Today : 2864
Total views : 2928896
Who's Online : 10