
སྤྱི་ཟླ་ ༨ པའི་ཚེས་ ༤ དང་ ༥ ལུ་ ཐིམ་ཕུ་སྨྱོ་རྫས་དང་ ཁྲིམས་དོན་བསྟར་སྤྱོད་སྡེ་ཕྲན་གྱིས་ སྐྱེས་ལོ་ ༢༣ དང་ ༣༣ འབད་མི་ ཕོ་སྐྱེས་ ༢ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ གནད་དོན་ཐོག་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཐིམ་ཕུ་རྟ་འབབ་ལས་ མི་ངོམ་ ༡ སྨྱོ་རྫས་ཏར་མ་ཌཱོལ་ཟེར་མི་ སླ་བསྲེས་འབད་ཡོད་པའི་ རྫས་སྦྱོར་སྨན་ཐུམ་ ༡༤༥ དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག།
འགོ་ཐོག་གི་ ཞིབ་དཔྱད་དང་འཁྲིལཝ་ད་ སྨྱོ་རྫས་དེ་ཚུ་ མི་ངོམ་དེ་གི་ ཆ་རོགས་ཅིག་ལུ་ སྤྲོད་ནིའི་དོན་ལས་ འབག་འོང་ཡོདཔ་སྦེ་ བཤད་པའི་ཤུལ་ལུ་ ཁོ་གི་ཆ་རོགས་དེ་ ཐིམ་ཕུ་གླང་འཇོ་ཕར་ཁ་ལས་ འཛིན་བཟུང་འབད་ཡོད་རུང་ ཆ་རོགས་དེ་ལས་ སྨྱོ་རྫས་ག་ནི་ཡང་ མ་ཐོབ་ཨིན་པས།
དེ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཐིམ་ཕུ་སྨྱོ་རྫས་དང་ ཁྲིམས་དོན་བསྟར་སྤྱོད་སྡེ་ཕྲན་གྱིས་ ཞིབ་དཔྱད་འཕྲོ་མཐུད་སྐབས་ལུ་ སྨྱོ་རྫས་བར་ཚོང་རྐྱབ་མི་དང་ བཀྲམ་སྤེལ་འབད་མི་ གཙོ་བོ་ཅིག་འབདཝ་ད་ མི་ངོམ་ ༢ རྟ་འབབ་དང་ ཅང་བང་འབྲུག་ལས་ འཛིན་བཟུང་འབད་ནུག།
ཁོང་གཉིས་ཆ་ར་ གླ་འཁོར་དེད་གཡོགཔ་ཨིནམ་ད་ ཁོང་ ༢ ལས་ཡང་ སྨྱོ་རྫས་ཏར་མ་ཌཱོལ་ཟེར་མི་ སླ་བསྲེ་རྐྱབ་ཡོད་པའི་ རྫས་སྦྱོར་གྱི་ སྨན་ཐུམ་ ༡,༣༩༤ ཐོབ་ཡོདཔ་ཨིན་པས།
ཁོང་ ༢ ཀྱི་གྲས་ལས་ ༡ པོ་དེ་ གནོད་འགེལ་ལན་ཐེངས་ ༢ འཐབ་མི་ཨིནམ་ད་ གཞན་མི་དེ་གིས་ བཙོན་འཐུས་བཏབ་ནུག།
ཐིམ་ཕུ་སྨྱོ་རྫས་དང་ ཁྲིམས་དོན་བསྟར་སྤྱོད་སྡེ་ཕྲན་གྱིས་ ད་རེས་ ཁོང་ ༢ ཀྱི་ ལཱ་བྱའི་སྐོར་ལས་ ཞིབ་དཔྱད་ཚུ་ འཕྲོ་མཐུད་འབད་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཁྲིམས་འདུན་ལུ་ བསྐྱལ་ནི་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁ་ཐུག་ལས་ མི་སྡེའི་ཉེན་སྲུང་དང་ འཕྲོད་བསྟེན་གྱི་དོན་ལས་ སྨྱོ་རྫས་ཀྱི་ གནོད་པ་ཚུ་ སྔོན་འགོག་འབད་ཐབས་ལུ་ མི་མང་གིས་ མཉམ་འབྲེལ་གང་དྲག་འབད་དགོ་པའི་ ནན་བསྐུལ་འབདཝ་ཨིན་པའི་གནས་ཚུལ།





Users Today : 706
Users Yesterday : 1729
This Month : 4508
This Year : 184411
Total Users : 896227
Views Today : 2311
Total views : 2632628
Who's Online : 6