
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ རྒྱ་གར་རྒྱལ་ཁབ་ རང་དབང་ཐོབ་པའི་ དུས་སྟོན་ཐེངས་ ༧༧ པ་ བརྩི་སྲུང་སྐབས་ལུ་ བློན་ཆེན་མོ་དི་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་ནང་གསལ་ མ་ནི་པུར་མངའ་སྡེའི་ བྱེལཝ་འཇོམས་ཐབས་དང་ ཞི་བདེ་བསྐྱར་གསོའི་དོན་ལས་ བརྩོན་ཤུགས་ག་དེ་དྲག་དྲག་ བསྐྱེད་ནི་ཨིན་པའི་སྐོར་ལས་ བཀོད་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གྱི་རྒྱལ་ས་ དིལླི་རེཌ་ཕཱོཊ་ལུ་སྦེ་ བློན་ཆེན་མོ་དི་གིས་ རྒྱལ་དར་འཕྱར་ཏེ་ རྒྱང་མཐོང་ནང་ དངོས་མཐོང་ཐོག་ལས་ རང་བཞིན་རྐྱེན་ངན་དང་ དཔལ་འབྱོར་ དེ་ལས་ རྒྱ་གར་གྱི་ མི་རློབས་ཡར་སེང་ཚུ་གི་སྐོར་ལས་ གསུངས་ཡོདཔ་མ་ཚད་ མ་ནི་པུར་ མངའ་སྡེ་དེ་ནང་ ཡུན་བརྟན་ཅན་གྱི་ བྱེལཝ་འཇོམས་ཐབས་དེ་ ཞི་བདེ་ལུ་ རག་ལས་འོང་ཟེར་ཨིན་པས།.
དེ་ཡང་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ མི་ནི་པུར་ལུ་ གནོད་འཚེ་བྱུང་མིའི་ནང་ མི་སེར་དག་པ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ ཨའི་དང་ མོ་སྤུན་ཚུ་ཡང་ བློ་བཙོང་བཅུག་ཡོདཔ་སྦེ་གསུངས་ནུག།
རྒྱ་གར་གྱི་ མངའ་སྡེ་མ་ནི་པུར་ལུ་ སྤྱི་ཟླ་ ༥ པའི་ནང་ལས་ མི་རིགས་མེ་ཏི་དང་ ཀུ་ཀིའི་བར་ན་ ནང་འཁྲུག་ལང་སྟེ་ མི་གྲངས་ ༡༤༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ སྡོད་ས་མེདཔ་སྦེ་ ལུས་ཡོདཔ་མ་ཚད་ སྤྱི་ཟླ་ ༥ པའི་ནང་ མེ་ཏི་མི་རིགས་ཀྱི་ ཕོ་སྐྱེས་ཚུ་གིས་ ཀུ་ཀི་མི་རིགས་ཀྱི་ ཨམ་སྲུ་ ༢ མི་མང་གི་གདོང་ཁར་ སྒྱེན་མོ་སྦེ་ འགྱོ་བཅུག་ཡོད་མི་ཚུ་གི་སྐོར་ལས་ ག་ནི་ཡང་ མ་གསུངས་ནི་དེ་གིས་ བློན་ཆེན་མོ་དི་ལུ་ ཁ་བཏང་ཡོདཔ་ཨིན་པས།
བློན་ཆེན་མོ་དི་གིས་ རྒྱ་གར་གྱི་ དཔལ་འབྱོར་གནས་ཚད་ འཛམ་གླིང་ནང་ ཨང་ ༥ པར་ ལྷོད་དེ་ཡོད་མི་དེ་ ཤུལ་མའི་ལོ་ངོ་ ༥ གི་ ནང་འཁོད་ལུ་ ཨང་ ༣ པའི་གནས་ཚད་ཁར་ ཚུད་འོང་ཟེར་ཨིནམ་ད་ དེ་བཟུམ་སྦེ་ སྤྱི་ལོ་ ༢༠༤༧ ལུ་ རྒྱ་གར་རང་དབང་ཐོབ་པའི་ དུས་སྟོན་ཐེངས་ ༡༠༠ པ་ བརྩི་སྲུང་སྐབས་ལུ་ རྒྱ་གར་རྒྱལ་ཁབ་དེ་ གོང་འཕེལ་འགྱོ་ཚར་བའི་ རྒྱལ་ཁབ་སྦེ་ གནས་ནི་ཨིན་པའི་སྐོར་ལས་ཡང་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1131
Users Yesterday : 1303
This Month : 66803
This Year : 295644
Total Users : 1007460
Views Today : 2714
Total views : 2928746
Who's Online : 8