
རྒྱལ་ཁབ་ནང་ ལོ་ངོ་ ༡ གི་རིང་ལུ་ ཉེར་མཁོ་ནང་འདྲེན་གྱི་ ཕྱི་དངུལ་གསོག་འཇོག་འབད་དེ་ བཞག་ཐབས་ལུ་ ད་རུང་ཡང་ སྣུམ་འཁོར་ནང་འདྲེན་བཀག་དམ་གྱི་ དུས་ཡུན་དེ་ ཡར་སེང་འབད་ནུག།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀོད་རྒྱ་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༡༧ ཚུན་ ཟླ་ངོ་ ༦ གི་རིང་ལུ་ སྣུམ་འཁོར་ནང་འདྲེན་ འབད་མ་ཆོགཔ་སྦེ་ཨིན་པས།
ཨིན་རུང་ བཀོལ་སྤྱོད་སྣུམ་འཁོར་དང་ ས་བརྐོ་རྡོ་སློག་གི་འཕྲུལ་ཆས་ དེ་ལས་ སོ་ནམ་འཕྲུལ་ཆས་ཚུ་ལུ་ དངུལ་ཀྲམ་ ༡,༥༠༠,༠༠༠ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ༢༠,༠༠༠ འོག་རྒྱུ་འབད་མི་ཚུ་ འཕྲོ་མཐུད་དེ་ར་ ནང་འདྲེན་འབད་ཆོག་ཟེར་ དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་ཅིག་ནང་བཀོད་ནུག།
དེ་བཟུམ་སྦེ་ བལྟ་བཤལ་གོང་འཕེལ་དང་ ལག་ལེན་གྱི་དོན་ལས་ཡང་ སྣུམ་འཁོར་ཚུ་ ནང་འདྲེན་འབད་ཆོག་ནི་ཨིན་རུང་ སྣུམ་འཁོར་གྱི་དབྱེ་བ་ཚུ་ བལྟ་བཤལ་ལས་ཁུངས་ཀྱིས་ ཕུལ་དགོཔ་ཨིན་པས།
དེ་མ་ཚད་ ས་སྣུམ་དང་ གློག་ཐོག་གི་ མི་མང་སྐྱེལ་འདྲེན་བཱཛ་དང་ གླ་འཁོར་ཚུ་ཡང་ ནང་འདྲེན་འབད་ཆོག་ནི་ཨིནམ་ད་ དེ་སྦེ་ ནང་འདྲེན་བཀག་དམ་དེ་གིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐོ་ཕོག་པ་ལུ་བརྟེན་ཏེ་ སྣུམ་འཁོར་བཀག་དམ་གྱི་ དུས་ཡུན་ནང་ བསྐྱིན་ཚབ་སྤྲོད་ནི་གི་ དུས་ཚོད་ཕར་ཕུད་ཀྱི་ གོ་སྐབས་བྱིན་ནི་ཨིན་པས།
དེ་ལས་ གཞན་ཡང་ ཆོག་ཐམ་འཆང་མི་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ལུ་ སྣུམ་འཁོར་བཀག་དམ་གྱི་ དུས་ཡུན་ནང་ ཚོང་འབྲེལ་ལག་ལེན་ཟད་འགྲོའི་དོན་ལས་ ལས་དོན་མ་རྩའི་ སྐྱེད་ཆུང་སྐྱིན་འགྲུལ་ བྱིན་ནི་གི་ གོ་སྐབས་ཚུ་ཡང་ འཚོལ་ཞིབ་འབད་ནི་ཨིན་ཟེར་བཀོད་ནུག།
སྣུམ་འཁོར་ནང་འདྲེན་ བཀག་དམ་དེ་ རིམ་པ་བཞིན་དུ་ གུ་ཡངས་འབད་ཐངས་ཀྱི་སྐོར་ལས་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ ༢ མཉམ་འབྲེལ་ཐོག་ལས་ བརྟག་ཞིབ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433475
Views Today :
Total views : 5000
Who's Online :