
བུམ་ཐང་ཨུ་ར་ལུ་ ནད་ཡམས་ཀོ་ཝིཌ་གིས་སྦེ་ ལོ་ངོ་ ༣ དེ་ཅིག་ སངས་རྒྱས་ཤ་མུའི་དུས་སྟོན་ བརྩི་སྲུང་འབད་མ་ཚུགས་པར་ ལུས་ཡོད་རུང་ དུས་ཅི་ སྤྱི་ཟླ་ ༨ པའི་ཚེས་ ༢༣ དང་ ༢༤ ལུ་ ཤ་མུའི་དུས་སྟོན་ བརྩི་སྲུང་འབད་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེ་ཡང་ བུམ་ཐང་ཨུ་རའི་ གཡུས་ཚན་དེ་ ནགས་ཚལ་གྱིས་ བསྐོར་ཏེ་ཡོད་པའི་གུ་ ཡོངས་གྲགས་ཅན་གྱི་ འཐོན་སྐྱེད་ཅིག་ཨིན་མི་ སངས་རྒྱས་ཤ་མུ་སྐྱེ་སའི་ ས་ཁོངས་ཅིག་ཡང་འབདཝ་ལས་ བཞེས་སྒོ་བཅུད་ཅན་གྱིས་མ་ཚད་པར་ མི་རབས་ལས་ མི་རབས་བརྒྱུད་དེ་ ས་གནས་ཀྱི་ དཔལ་འབྱོར་དང་ ཡུན་བརྟན་ཅན་གྱི་ འབབ་ཁུངས་ཚུ་གི་སྒོ་ལས་ མི་སེར་ཚུ་གི་ འཚོ་བ་ལུ་ ཕན་རླབས་སྦོམ་ཡོདཔ་ལས་ ལོ་བསྟར་སངས་རྒྱས་ཤ་མུའི་ དུས་སྟོན་དེ་ ཨུ་རའི་གཡུས་ཚན་དང་ ནགས་ཚལ་གྱི་བར་ན་ འབྲེལ་མཐུད་དམ་ཟབ་ཡོད་པའི་ རྟགས་མཚན་ལུ་ བརྩི་སྲུང་འབདཝ་ཨིན་པས།
དུས་སྟོན་དེ་ནང་ ས་གནས་ལས་ཐོན་པའི་ ཤ་མུའི་རིགས་ཚུ་ འགྲེམ་སྟོན་འབད་ནི་ཨིནམ་ལས་ མགྱོནམོ་ཚུ་གིས་ ས་གནས་དེ་ཁའི་ ཐབ་དཔོན་ཚུ་གིས་ བཟོ་སྟེ་ཡོད་མི་ ཤ་མུའི་བཞེས་སྒོ་ རོ་བཅུད་དང་ལྡན་མི་ཚུ་ ཉོ་ཞིནམ་ལས་ བཞེས་ཚུགས་ནི་ཨིན་པའི་གུ་ མགྱོནམོ་ཚུ་གི་ ཐུགས་སྤྲོའི་དོན་ལས་ སྤྱི་འོག་ཁག་གི་ མི་སེར་ཚུ་གིས་ རང་ལུགས་ཞབས་བྲོའི་ ལྟདམོ་ཚུ་ཡང་ སྟོན་ནི་ཨིན་པས།
ག་དེམ་ཅིག་སྦེ་ མགྱོནམོ་ཚུ་གིས་ ཤ་མོ་འཚོལ་ནི་གི་ དང་འདོད་ཡོད་པ་ཅིན་ ས་གནས་ཀྱི་ ཤ་མུ་འཚོལ་མི་ཚུ་དང་གཅིག་ཁར་ ཤ་མུ་འཚོལ་བར་ཡང་ འགྱོ་ཚུགས་ཟེར་ ལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ ལྟ་བཤལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ ད་རེས་ རེ་འདོད་སྦོམ་མའི་སྒོ་ལས་ དུས་སྟོན་བརྩི་སྲུང་འབད་མིའི་ནང་ མི་མང་ག་འབྱོན་རུང་ ས་གནས་ཀྱི་ མི་སྡེ་ཚུ་གི་ བཞེས་སྒོའི་རིགས་དང་ མཐའ་འཁོར་གནས་སྟངས་ དེ་ལས་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་དང་ མི་སྡེ་ཚུ་གི་སྐོར་ལས་ ཉམས་མྱོང་འཐོབ་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།






Users Today : 1269
Users Yesterday : 1303
This Month : 66941
This Year : 295782
Total Users : 1007598
Views Today : 3070
Total views : 2929102
Who's Online : 11