མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་དེ་ རྒྱལ་ཁབ་སྤངས་ཏེ་ འགྱོ་བའི་ཤུལ་ལས་ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ།

བི་བི་སི།

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ རྒྱལ་ཁབ་གཞན་ཁར་ ལོ་ངོ་ ༡༥ དེ་ཅིག་ སྡོད་པའི་ཤུལ་ལས་ ད་རེས་ རྒྱལ་ཁབ་ཀྱི་ ཤུལ་མའི་དབུ་ཁྲིད་ གཏན་འཁེལ་གྱི་ ཚོགས་རྒྱན་བཙུགས་ནི་སྦེ་ཡོད་པའི་ དུས་ཡུན་ཆུ་ཚོད་དག་པ་ཅིག་ཧེ་མ་ མཐའ་ཡས་ལེན་ལུ་ ལོག་ལྷོད་ཡོདཔ་ཨིན་པས།

ཧེ་མར་ མཐའ་ཡས་ལེན་ལུ་ མཐར་འཁྱོལ་ཅན་སྦེ་ བཙག་འཐུ་གྲུབ་པའི་འགོ་ཁྲིདཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ མི་དབང་སྐུ་འཁོར་ལུ་ མོས་མི་ཚུ་གིས་ འཇིགས་སྣང་ཐོག་ལས་ དབང་ཤུགས་ལུ་ ཉམས་ཆག་འབྱུང་བཅུག་ནི་གི་དོན་ལས་ ཁྲིམས་འདུན་ལུ་ གནོད་ཉེན་ཅན་གྱི་ རྩོད་བཤེར་ཚུ་ཡང་བཙུགས་ནུག།

ཨིན་རུང་ སྲིད་དོན་ལུ་ དང་འདོད་སྦོམ་ཡོད་མི་ ཡོངས་གྲགས་ཅན་གྱི་ བརྒྱུད་འཕྲིན་ཚོང་ལས་པ་དེ་ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྤྱི་ལོ་ ༢༠༡༤ ལོར་ ཁོ་ལུ་ བཙོན་ཁྲིམས་ཕོག་སྟེ་ཡོདཔ་ལས་ བཙོན་ཁང་ནང་ སྡོད་མ་དགོཔ་ བཟོ་ཐབས་ལུ་ ཁོ་གི་སྲིད་ཚོགས་ཀྱི་ གཞུང་མེདཔ་བཟོ་མི་ཚུ་དང་གཅིག་ཁར་ གསང་བའི་སྒྲིག་ཆ་ བཟོ་ཐོག་ལས་ ལོག་འོང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

ཐག་སིན་ལུ་ ཁྲིམས་འགལ་གྱི་ བྱ་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༡༠ ཚུན་གྱི་ བཙོན་ཁྲིམས་སྨིན་དགོཔ་སྦེ་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཐག་སིན་གྱིས་ ཉེས་ཁྲིམས་དེ་ སྲིད་དོན་དང་འབྲེལ་བའི་ ཀུན་སློང་ཐོག་ལས་ བཀལ་ཡོདཔ་སྦེ་བཤད་ནུག། 

ཐག་སིན་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ སྒེར་གྱི་གནམ་གྲུ་ཅིག་ནང་སྦེ་ དུ་བ་ཡེ་ལས་ སིང་ག་པོར་བརྒྱུད་དེ་ བེང་ཀོཀ་ལུ་ལྷོདཔ་ད་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ལེགས་སྨོན་གྱི་ གསལ་བཤད་ཚུ་དང་སྦྲགས་ཏེ་ དགའ་སྐད་ཚུ་ རྐྱབ་ཡོདཔ་ཨིན་པས།

ཁོ་དང་གཅིག་ཁར་ ཁོ་རའི་བུ་ ༡ དང་ བུམོ་ ༢ ཡང་ འོང་ཡོདཔ་ད་ ཁོང་ཆ་ཁྱབ་ བེང་ཀོག་གནམ་ཐང་ནང་ ལྷོདཔ་དང་འབྲེལ་ཏེ་ མི་དབང་རྒྱལཔོ་དང་ བཙུན་མོའི་སྐུ་དཔར་ལུ་ གུས་བཏུད་ཞུ་བའི་ཤུལ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ འཁྱིད་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་ལས་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་ཀྱི་ འཁྲུན་ཆོད་གནང་ཐོག་ལས་ བེང་ཀོག་གི་ བཙོན་ཁང་ནང་བཞག་ནུག།

ག་དེ་སྦེ་ར་ཨིན་རུང་ གཟུགས་ཁམས་བདེ་ཏོག་ཏོ་ཅིག་མེདཔ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ བཙོན་ཁང་ནང་ལས་ སྨན་ཁང་ནང་ སྤོ་བཤུད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: