འབྲུག་པའི་གླ་འཁོར་ཅིག་ལས་ གློ་སྨན་ཁུ་བ་ཚུ་ ཐོབ་མི་དང་འབྲེལ་ཏེ་ མི་ངོམ་ ༢ འཛིན་བཟུང་།

རྒྱ་གར་ཇའེ་སྒང་དང་ ཕུན་ཚོགས་གླིང་གི་ ས་མཚམས་བདའ་སྟེ་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་ བཀག་འཛིན་གྱི་དོན་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེདཔ་ཨིན་པས།

དེ་ཡང་ རྒྱ་གར་ནུབ་བེང་གཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ༢ ལུ་ གནད་དོན་འདི་ དོ་འགྲན་ཅན་ཅིག་སྦེ་ར་ གནས་ཏེ་ཡོད་རུང་ འཕྲལ་ཁམས་ཀྱི་ བརྩོན་ཤུགས་ཐོག་ལས་ བཀག་འཛིན་གྱི་ལཱ་ཚུ་ ཧ་ལམ་མཐར་འཁྱོལ་ཅན་ཅིག་ལུ་ འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

འདས་པའི་ལོ་ཚུ་ནང་ རྒྱ་འབྲུག་ས་མཚམས་ཀྱི་ ས་ཁོངས་དེ་ནང་ སྨྱོ་རྫས་དང་འབྲེལ་བའི་ ལཱ་ངན་ཚུ་ ཚབས་ཆེན་སྦེ་ར་ བྱུང་ཡོདཔ་དང་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་གིས་ བདའ་མི་ཟུན་ནི་གི་ ཐབས་ཤེས་ལུ་ གསང་བའི་འགྲུལ་ལམ་ཚུ་ ལག་ལེན་འཐབ་ནུག།

རྒྱ་གར་ནུབ་བེང་གཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ བརྩོན་ཤུགས་ག་དེ་སྦེ་ར་བསྐྱེད་རུང་ ཁྲིམས་འགལ་གྱི་ གནད་དོན་དེ་ ཁྱབ་ཆེ་ཏོག་ཏོ་ཅིག་འབདཝ་ལས་ ཧྲིལ་བུར་སྦེ་ བཀག་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།

སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ ཨ་ལི་པུར་དུ་ཝར་ མངའ་སྡེའི་འོག་ལུ་ཚུད་མི་ ཇའེ་སྒང་ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་ ༣༡ འབད་མི་ ད་རམ་པར་ཀཤ་གུབ་ཏ་དང་ སྐྱེས་ལོ་ ༤༧ འབད་མི་ ཀརྨ་བསྟན་འཛིན་ ༢ འཛིན་བཟུང་འབད་ཡོདཔ་ད་ ད་རམ་པར་ཀཤ་གུབ་ཏ་དེ་ དེའུ་ཀ་ཏ་ཏཱོལ་ལས་ རཱམ་ན་ར་ཡཱན་གུབ་ཏའི་ བུ་ཨིནམ་དང་ ཀརྨ་ཚེ་རིང་དེ་ སྤ་རོ་ལས་ པ་སངས་འབྲུག་པའི་ བུ་ཨིན་པས།

དེ་སྦེ་ བྱ་ངན་འབད་མི་ ༢ བྷུ་ལཱན་སྒོར་བལྟབ་ལུ་ཡོད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ཆགས་ཐང་གི་ སྦོ་ལོགས་ཁ་ལས་ འཛིན་བཟུང་འབད་ནུག།

ཁོང་ ༢ ཀྱི་ བདག་ཐོག་ལུ་ཡོད་མི་ འབྲུག་གི་གླ་འཁོར་ཨང་ བི་ཊི་ ༡ ཨེ་-༥༤༧༤ ཅན་མ་དེ་ འཛིན་བཟུང་ཐོག་ལས་ ཞིབ་དཔྱད་འབདཝ་ད་ ཨོ་ནེ་རེགཛ་ཟེར་མི་ གློ་སྨན་ཁུ་བ་ དམ་སྦྱིས་ ༥༠ ཐོབ་ཡོདཔ་ད་ དེ་ཡང་ ས་ཁོངས་དེ་ནངགི་ ནག་ཚོང་ཚབས་ཆེན་དང་ འབྲེལ་བ་ཡོད་པའི་ ཡིད་ཆེས་ཡོདཔ་ཨིན་པས།

ད་རེས་ ནུབ་བེང་གཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ མཉམ་འབྲེལ་ཐོག་ལས་ ཐབས་བྱུས་གསར་རྩོམ་ཐོག་ལུ་ ནག་ཚོང་བཀག་འཛིན་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒྱ་འབྲུག་ས་མཚམས་ཀྱི་ཁྲོམ་ ཇའེ་སྒང་དང་ ཕུན་ཚོགས་གླིང་ ༢ སྨྱོ་རྫས་ལས་དོན་གྱི་ ས་སྒོ་ཨིན་པའི་ མིང་གཏམ་ངན་པ་ ཐོབ་སྟེ་ཡོད་མི་དེ་ རྩ་མེད་བཏང་ཞིནམ་ལས་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: