རྒྱ་ནག་གིས་ རྒྱ་གར་གྱི་ ས་ཁོངས་ཅིག་ ཐོབ་བརྗོད་བཀོད་དེ་ ས་ཁྲའི་ནང་ བཙུགས་ཡོདཔ་ལས་ རྒྱ་གར་གྱིས་ རྒྱབ་འགལ་ཚབས་ཆེན།

རོའི་ཊརཛ།
རྒྱ་ནག་གིས་ ཐོབ་བརྗོད་བཀོད་ཐོག་ལས་ རྒྱ་གར་གྱི་ ས་ཁོངས་ཅིག་ གསར་བཏོན་འབད་མི་ ས་ཁྲ་གསརཔ་ཅིག་ནང་ བཙུགས་ཡོདཔ་ལས་ རྒྱ་གར་གྱིས་ རྒྱབ་འགལ་ཚབས་ཆེན་ཡོད་ལུགས་ བཤད་ཡོདཔ་ལས་ ཨེ་ཤི་ཡའི་ རྒྱལ་ཁབ་སྦོམ་ ༢ ཀྱི་ མཐུན་ལམ་ལུ་ གནོད་པ་འབྱུང་སྲིད་ནི་ཨིན་པས།
དེ་ཡང་ རྒྱ་གར་གྱིས་ རྒྱབ་འགལ་འབད་བའི་ཤུལ་ལུ་ རྒྱ་གར་གྱི་ བརྡ་བརྒྱུད་ཚུ་ནང་ རྒྱ་ནག་གིས་ གསར་བཏོན་འབད་མི་ གཞུང་འབྲེལ་ས་ཁྲའི་ནང་ རྒྱ་གར་གྱི་མངའ་ཁོངས་ ཨ་རུ་ན་ཅཱལ་ པར་དེཤ་དང་ ཨག་སའི་ཅིན་ཟེར་མི་ རི་ཐང་ཚུ་ རྒྱ་ནག་གི་ ཁྱབ་ཁོངས་ནང་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།
རྒྱ་ནག་གིས་ གངས་རི་ཧི་མ་ལ་ཡའི་ ཤར་ཕྱོགས་ཀྱི་ས་ཁོངས་ ཨ་རུ་ན་ཅཱལ་ པར་དེཤ་དེ་ བོད་ལྷོ་ཕྱོགས་ཀྱི་ ཆ་ཤས་ཅིག་ཨིནམ་སྦེ་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ སྤྱི་ཟླ་ ༤ པའི་ནང་ཡང་ རྒྱ་ནག་གིས་ གསར་བཏོན་འབད་མི་ ས་ཁྲའི་ནང་ ཨ་རུ་ན་ཅཱལ་མངའ་སྡེའི་ ས་ཁོངས་ ༡༡ གི་མིང་ཚུ་ གསརཔ་བཏགས་ཏེ་ ལྷོ་བོད་ཟངས་ནམ་ཟེར་མིའི་ ས་མཚམས་ནང་འཁོད་ལུ་ ཚུད་དོ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
ཨག་སའི་ཅིན་དེ་ཡང་ ཧི་མ་ལ་ཡའི་ ནུབ་ཕྱོགས་ཀྱི་ རི་ཐང་ཅིག་ཨིནམ་ད་ ས་ཆ་དེ་ལུ་ རྒྱ་གར་གྱིས་ ཐོབ་བརྗོད་བཀོདཔ་ཨིན་རུང་ རྒྱ་ནག་གིས་ དོ་དམ་འོག་ལུ་ཡོདཔ་ཨིན་པས།
རྒྱབ་འགལ་གྱི་ ཉོག་བཤད་དེ་ཡང་ འདས་པའི་བདུན་ཕྲག་ནང་ རྒྱ་གར་གྱི་ བློན་ཆེན་དང་ རྒྱ་ནག་གི་ སྲིད་འཛིན་ ༢ ཀྱི་བར་ན་ ས་མཚམས་ཀྱི་ བྱ་སྟབས་མ་བདེཝ་ཚུ་ བསལ་ཐབས་ཀྱི་ གསུང་གྲོས་བྱུང་པའི་ཤུལ་ལུ་ཨིནམ་ད་ སྤྱི་ལོ་ ༢༠༢༠ ལུ་ རྒྱབ་ཁབ་ ༢ ཀྱི་ ས་སྲུང་དམག་མི་ཚུ་གི་བར་ན་ ས་མཚམས་དང་འབྲེལ་བའི་ བྱེལཝ་ཐོན་ཡོདཔ་ལས་ རྒྱ་གར་གྱི་ དམག་མི་ ༢༠ དང་ རྒྱ་ནག་གི་ དམག་མི་ ༤ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: