
སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ སྤ་རོ་གནམ་གྲུ་ཐང་གི་ ཅ་དམ་འགོ་དཔོན་ཚུ་གིས་ གསེར་ཀེ་ཇི་ ༦ ཁེན་སྦྱར་ནང་ སྦ་ཐོག་ལས་ འབག་འོང་མི་ རྒྱ་གར་གྱི་མི་ཁུངས་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ནུག།
དེ་ཡང་ རྒྱ་གར་བི་ཧར་མངའ་སྡེའི་ ས་གནས་པཱཏ་ན་ལས་ སྐྱེས་ལོ་ ༢༣ འབད་མི་དེ་ ཐབ་གཡོགཔ་ཅིག་ཨིནམ་ད་ ཕོ་སྐྱེས་དེ་ དུ་བཱ་ཡེ་ལས་ བེང་ཀོག་བརྒྱུད་དེ་ སྤ་རོ་ལུ་ འོང་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསེར་དེ་ འབྲུག་ལུ་ བསྐྱལ་ནི་གི་དོན་ལས་ ཁོ་གི་འགོ་དཔོན་གྱིས་ བྱིན་ཡོདཔ་སྦེ་ཨིནམ་ད་ སྤྲོད་ཡུལ་དེ་ ག་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་རུང་ ཁོ་ བཟའ་ཁང་ནང་ ལྷོད་པའི་ཤུལ་ལས་ གསེར་ལེན་མི་ཅིག་ འཐོན་འོང་ཟེར་ སླབ་ཡོདཔ་སྦེ་ཨིན་པས།
ཁོ་གི་དོན་ལས་ སྤ་རོ་ལུ་ བཟའ་ཁང་ཅིག་ ཉིན་གྲངས་ ༢ ཀྱི་དོན་ལས་ མཁོ་མངགས་འབད་དེ་ཡོད་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ གནམ་གྲུའི་ནང་འོང་མི་ རྒྱ་གར་གྱི་ མི་ཁུངས་ ༢ ལུ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ དྲི་དཔྱད་ཚུ་འབད་ནུག།
ཁོང་ ༢ ཡང་ དུ་བཱ་ཡེ་ལས་ བེང་ཀོག་བརྒྱུད་དེ་ སྤ་རོ་ལུ་ འོང་ཡོདཔ་ད་ གནམ་གྲུ་དེ་ནང་ རྒྱ་གར་གྱི་ མི་ཁུངས་ ༣ ལས་བརྒལ་ཏེ་མེད་རུང་ གཞན་མི་ ༢ ཀྱིས་ གསེར་འབག་མི་དེ་ ངོ་མི་ཤེས་ཟེར་ སླབ་ཡོདཔ་ཨིན་པས།
དྲི་དཔྱད་སྐབས་ལུ་ རྒྱ་གར་གྱི་ མི་ངོམ་གཞན་ ༢ ཀྱིས་ འབྲུག་ལུ་ ཐགས་རིགས་ཚོང་བསྒྲགས་ཀྱི་དོན་ལས་ འོང་འོངམ་ཨིན་ཟེར་ བཤདཔ་མ་གཏོགས་ གཞན་ག་ནི་ཡང་ སླབ་ནི་མེདཔ་ལས་ ལོག་བཏང་ནུག།
ཅ་དམ་འགོ་དཔོན་ཚུ་གིས་ གསེར་དང་སྦྲགས་ཏེ་ འཛིན་བཟུང་འབད་མི་ ཕོ་སྐྱེས་དེ་ལུ་ སྤ་རོ་རྒྱལ་གཞུང་འགག་སྡེ་གིས་ ཞིབ་དཔྱད་འབད་བའི་བསྒང་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ཡང་ བེང་ཀོག་ལས་འོང་མི་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུའི་ནང་ལས་ སྐྱེས་ལོ་ ༣༩ འབད་མི་ གནམ་གྲུའི་ལས་གཡོགམོ་ ༡ གི་ ལག་བེག་ནང་ལས་ གསེར་ག་རམ་ ༢༥༢ བདའ་ཟུན་ཡོདཔ་ཨིན་པས།
དེ་ཡང་ གསེར་དེ་ མོ་རའི་སྒེར་དོན་ལུ་ འབག་འོང་ཡོདཔ་ལས་ ཅ་དམ་ལུ་ གསལ་སྟོན་འབད་ནི་སྦེ་ སྡོད་ཡོད་རུང་ གསལ་སྟོན་མ་འབད་བའི་ཧེ་མར་ འཛིན་བཟུང་འབད་ཡི་ཟེར་ སླབ་པ་ལུ་བརྟེན་ཏེ་ རྒྱབ་མི་བཙུགས་ཐོག་ལས་ བཏང་ཡོད་པའི་གནས་ཚུལ།






Users Today : 1407
Users Yesterday : 1303
This Month : 67079
This Year : 295920
Total Users : 1007736
Views Today : 3461
Total views : 2929493
Who's Online : 11