
ཨེ་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ ལོ་ངོ་ ༨ ཀྱི་ བཙོན་ཁྲིམས་ཕོག་མི་དེ་ ལོ་ངོ་ ༡ ལུ་ མར་ཕབ་གནང་ནུག།
དེ་ཡང་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ ངན་ལྷད་དང་འབྲེལ་བའི་ བཙོན་ཁྲིམས་ཕོག་མི་ལས་ བྲོས་ཟུར་འབད་དེ་ ལོ་ངོ་ ༡༥ གི་རིང་ལུ་ རྒྱལ་ཁབ་གཞན་ཁར་ སྡོད་ཡོདཔ་ཨིན་པས།
མི་དབང་རྒྱལཔོ་ མཧཱ་ཝ་ཇི་ར་ལོང་ཀཱོན་མཆོག་གིས་ དེ་སྦེ་ ཐུགས་ཐག་བཅད་གནང་མི་དེ་ཡང་ མཐའ་ཡས་ལེན་ རྒྱལ་ཁབ་དེ་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རྒྱལ་ཁབ་ཅིག་འབདཝ་ལས་ ཉེས་ཁྲིམས་སྨིན་མི་ བཙོན་པ་ཚུ་ལུ་ བཙོན་ཁྲིམས་དགོངས་ཡངས་ཀྱི་ མཐར་ཐུག་དབང་ཚད་དེ་ རྒྱལཔོ་མཆོག་ལུ་ཡོདཔ་ཨིན་ཟེར་ རྒྱལ་འཛིན་གནས་ཚུལ་ གེ་ཛེཏ་ཟེར་མིའི་ནང་ གསལ་བཀོད་འབད་ནུག།
སྐྱེས་ལོ་ ༧༤ འབད་མི་ ཐག་སིན་ལུ་ དེ་བཟུམ་མའི་ བཙོན་ཁྲིམས་དགོངས་ཡངས་ གནང་མི་དེ་ཡང་ ཐག་སིན་གྱི་ ཤེས་ཡོན་དང་ ལྕོགས་གྲུབ་ཚུ་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཀྱི་དོན་ལས་ སྤྱོད་ཐབས་ལུ་ཨིན་པས།
དྲང་ཁྲིམས་བློན་པོའི་ འགན་ཁུར་འབག་མི་ བློན་ཆེན་འོགམ་ ཝི་ས་ནུ་ཀིར་ངམ་གྱིས་ ཐག་སིན་གྱིས་ གཙོ་བོ་སྨན་བཅོས་ཀྱི་ གནད་དོན་དང་འབྲེལ་ཏེ་ ཁོ་ལུ་ བཙོན་ཁྲིམས་དགོངས་ཡངས་ གནང་དགོ་པའི་ ཞུ་ཡིག་ཕུལ་ཡོདཔ་སྦེ་ གསལ་བཤད་འབད་ནུག།
ཐག་སིན་དེ་ བློན་ཆེན་སྦེ་སྡོད་པའི་ གནས་སྐབས་ནང་ སྤྱི་ལོ་ ༢༠༠༦ ལུ་ ངན་ལྷད་དང་ དབང་ཚད་ལོག་སྤྱོད་ དེ་ལས་ རྒྱལ་བརྒྱུད་ལུ་ གུས་ཞབས་མེད་པའི་ གནད་དོན་ཚུ་ལུ་བརྟེན་ཏེ་ དྲག་པོའི་དམག་སྡེ་གིས་ དབང་ཚད་ཚུ་ བཙན་ལེན་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༠༨ ལུ་ བཙོན་ཁྲིམས་ལས་ བྲོས་ཟུར་འབད་དེ་ རྒྱལ་ཁབ་གཞན་ཁར་ ཡར་སོངཔ་ཨིན་པས།
ཨིན་རུང་ འདས་པའི་བདུན་ཕྲག་ནང་ མཐའ་ཡས་ལེན་ལུ་ ལོག་འོང་ཡོདཔ་ལས་ ཧེ་མ་ལས་ཕོག་མི་ བཙོན་ཁྲིམས་བསྟར་སྤྱོད་ཀྱི་དོན་ལུ་ དེ་འཕྲལ་ལས་ བཙོན་ཁང་ནང་ ཁྱིད་སོང་ཡོད་རུང་ གཟུགས་ཁམས་སྒྲིང་སྒྲིང་མེདཔ་ལས་ སྨན་ཁང་ནང་ སྤོ་བཤུད་འབད་དགོཔ་ཐོན་ནུག།
ཐག་སིན་དེ་ མཐའ་ཡས་ལེན་ལུ་ ལོག་ལྷོ་དེ ཆུ་ཚོད་དག་པ་ཅིག་གི་ ནང་འཁོད་ལུ་རང་ ཕིའུ་མཐའ་ཡས་ སྲིད་ཚོགས་ཀྱིས་ སྤྱི་ཚོགས་ནང་ལས་ གཞུང་སྐྱོང་གི་དོན་ལུ་ བཙག་འཐུ་གྲུབ་སྟེ་ སེ་རེ་ཐ་ ཐ་ཝི་སིན་དེ་ བློན་ཆེན་སྦེ་ བསྐོ་བཞག་གྲུབ་ཡོད་པའི་གནས་ཚུལ།





Users Today : 1307
Users Yesterday : 3875
This Month : 80862
This Year : 517855
Total Users : 1229671
Views Today : 2211
Total views : 3282925
Who's Online : 15