རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་གྱུར་ ཡིག་ཚང་ནང་ལས་ཕྱིར་བཏོན།

སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་གྱུར་དེ་ ཡིག་ཚང་ནང་ལས་ དེ་འཕྲལ་ལས་ ཕྱིར་བཏོན་འབད་ཡི་ཟེར་ཨིན་པས།
དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བཅའ་ཁྲིམས་དོན་ཚན་ ༩༤ པ་དང་འཁྲིལ་ཏེ་ རང་དབང་ཅན་གྱི་ ཚོགས་ཆུང་ཅིག་ གཞི་བཙུགས་ཐོག་ལས་ དབྱེ་ཞིབ་འབད་བའི་ གྲུབ་འབྲས་དང་ རྒྱབ་སྣོན་གུ་ གཞི་བརྟེན་འབད་དེ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
རང་དབང་ཅན་གྱི་ ཚོགས་ཆུང་དེ་ཡང་ སྨྱོ་རྫས་དང་འབྲེལ་བའི་ རྩོད་བཤེར་གཏན་འཁེལ་བཟོ་ནི་དང་ ཆེ་མཐོའི་ཁྲིམས་ཁྲི་ ༡ པའི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་ཚུ་ནང་ གྲལ་གཏོགས་ཡོད་མེད་ཀྱི་ ཞིབ་དཔྱད་དོན་ལས་ སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ ཚོགས་ཆུང་དེ་གིས་ མི་རྗེ་བློན་ཆེན་མཆོག་ལུ་ ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ ཕུལ་ཡོདཔ་ཨིན་པས།
གནད་དོན་དེ་གི་དེ་ལུ་ མི་རྗེ་བློན་ཆེན་གྱིས་ རྩོད་པོན་ཡོངས་ཁྱབ་ཀྱི་ ཡིག་ཚང་བཟུམ་མའི་ འདུས་ཚོགས་ལུ་ ཁྲིམས་གཞུང་ཉེན་སྲུང་དང་ མི་སེར་ཚུ་གི་ ཐོབ་དབང་ཚུ་ལུ་ བརྩི་འཇོག་ཐོག་ལས་ དྲང་ཁྲིམས་ཀྱི་ ཀ་ཆེན་སྦེ་ ཞབས་ཏོག་ཞུ་ནི་གི་ འགན་ཁུར་ཡོདཔ་ལས་ དྲང་བདེན་བདེ་ལེན་གང་རུང་འབད་དེ་ ཡ་རབས་དྲག་རིམ་གྱི་ དགོས་མཁོ་མ་འགྲུབ་པ་ཅིན་ ཆ་བཞག་སའི་ ས་སྒོ་མེད་ཟེར་གསུངས་ནུག།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ད་རེས་ཀྱི་ ལག་ལེན་འདི་ ཁ་རྗེ་མེད་པའི་ གཞི་ཅིག་ཨིན་རུང་ རྒྱལ་ཁམས་ལུ་ ཕྱག་ཕྱིད་ཞུ་བའི་ གནས་སྐབས་ནང་ ང་བཅས་ག་ར་གིས་ ཁྱད་ལཱ་རྣམ་གཞག་ མཐོ་དྲགས་སྦེ་ རྒྱུན་སྐྱོང་འཐབ་ནི་དང་ དྭངས་གསལ་དང་ འགན་འཁྲིའི་ཁས་ལེན་ བསྐྱར་གསོ་འབད་ནི་གི་ དྲན་སྐུལ་ལུ་ ཕན་འདེབས་འབྱུང་འོང་མནོ་བའི་ རེ་སྨོན་ཡོད་ཟེར་ཡང་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: