མི་དབང་རྒྱལ་པོའི་སྲསམོ་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རིན་པོ་མཆོག་གིས་ བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་འཁྲུངས་པའི་ དགའ་སྟོན་ དང་འབྲེལ་ཏེ་ མི་དམངས་ཡོངས་ལུ་ སངས་རྒྱས་འོད་དཔག་མེད་ཀྱི་ བཀའ་དབང་གནང་ཡོདཔ་བཞིན་དུ་ མི་སེར་ཁྲི་ཕྲག་སྦེ་ བཀའ་དབང་ཞུ་བར་འཛོམས་ནུག།
དེ་ཡང་ རང་ཟླ་ ༧ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མཁའ་འགྲོ་འབུམ་ཕྲག་འདུ་བའི་ མར་ངོའི་དུས་བཟང་ ཁྱད་པར་ཅན་འདི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་ ཡེ་ཤེས་མཁའ་འགྲོ་མའི་རྣམ་སྤྲུལ་ མི་དབང་ལྷའི་སྲསམོ་མཆོག་ ཕོ་བྲང་གླིང་ཀ་ནང་སྦེ་ སྐུ་འཁྲུངས་ཡོདཔ་ཨིན་པས།
འདི་བཟུམ་མའི་ དུས་སྟོན་ཁྱད་པར་ཅན་དང་འབྲེལ་ཏེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ བླ་སློབ་དང་ འཕགས་པའི་དགེ་འདུན་པ་ ༡༠༠ དེ་ཅིག་གིས་ ཉིན་གྲངས་ ༣ གྱི་རིང་ལུ་ མགོན་པོ་ཚེ་དཔག་མེད་ཀྱི་ གསུང་ཆོག་གནང་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ དཔོན་ཁག་ཚུ་དང་ འཁྲུངས་སྟོན་ཚོགས་པའི་འཐུས་མི་ དད་ཅན་སྦྱིན་བདག་ཚུ་གིས་ དཀར་མེ་སྟོང་མཆོད་ ཕུལ་ཐོག་ལས་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ཚེ་ཞབས་པད་བརྟན་ཏེ་ མངའ་ཐང་དར་ཞིང་རྒྱས་ཐབས་ལུ་ སྨོན་འདེབས་ཚུ་ཡང་ ཕུལ་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲསམོ་རྣམ་ ༢ བདེ་སྐྱིད་ཕུན་སུམ་ཚོགས་ནིའི་དོན་ལས་ གཞུང་གྲྭ་ཚང་ལུ་ མཆོད་སྦྱིན་ཡོ་བྱད་ཚུ་ ཕུལ་གནང་ཡོདཔ་བཞིན་དུ་ ད་ལས་ཕར་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ཚེ་ཞབས་པད་བརྟན་ཏེ་ ཆབ་སྲིད་མངའ་ཐང་རྒྱས་པའི་ རྟེན་འབྲེལ་ལུ་དམིགས་ཏེ་ ཉིནམ་དེ་ཁར་ ལོ་བསྟར་བཞིན་དུ་ གཞུང་གྲྭ་ཚང་གིས་ ཡོ་བྱད་ཕུལ་བའི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་ཨིན་པའི་གནས་ཚུལ།

Please follow and like us: