མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་གི་ བཀྲ་ཤིས་ལེགས་དར།

སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ མི་དབང་མང་བདག་རིན་པོ་ཆེའི་ཞབས་ལས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ ཀརྨ་ཡོན་ཏན་ལུ་ འབུ་རས་དམརཔོ་དང་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་ འགོ་དཔོན་ ༡༧ ལུ་ གོ་གནས་ཡར་སེང་དང་ ན་ཧིང་རྒཔོ་ལུ་ བཀྲིས་ལེགས་དར་ དེ་ལས་ གཟིམ་དཔོན་འོགམ་ཅིག་ གསར་བསྐོས་ཐོག་ལས་ བཀྲིས་ཁ་དར་གནང་ཡི།
དྲག་ཤོས་ཀརྨ་ཡོན་ཏན་དེ་ རྒྱལ་པོའི་ཡིག་ཚང་ནང་ ལས་དོན་འཛིན་སྐྱོང་ཡིག་ཚང་གི་ འགོ་འཛིན་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ དེ་གི་ཧེ་མར་ ཁོ་གིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ནུག།
མི་དབང་མཆོག་ དམག་སྡེ་ཁག་གི་ མངོན་མཐོའི་བཀོད་དཔོན་སྤྱི་ཁྱབ་ཨིནམ་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ལས་ འགོ་དཔོན་ ༡༠ དང་ རྒྱལ་པོའི་སྐུ་སྲུང་ནང་ལས་ འགོ་དཔོན་ ༡ རྒྱལ་གཞུང་འབྲུག་གི་འགག་སྡེའི་ནང་ལས་ འགོ་དཔོན་ ༦ འབདཝ་ད་ འགོ་དཔོན་ ༡༧ ལུ་ དམག་སྲིད་འོགམ་ལས་ དམག་སྲིད་ཀྱི་ གོ་གནས་གནང་ཡོདཔ་ཨིན་པས།
རྒྱལ་པོའི་ཡིག་ཚང་ནང་ བདག་སྐྱོང་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་མི་ ཀ་ཀ་དེ་ གཟིམ་དཔོན་འོགམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ འཆར་གཞི་གཙོ་འཛིན་འགོ་དཔོན་འོགམ་སྦེ་ ཕྱག་ཞུ་ནུག།.
དེ་ལས་ དབང་འདུས་ཕོ་བྲང་ ན་ཧི་རྒེད་འོག་གི་ རྒཔོ་གསརཔ་ ཀུན་ལེགས་རྒྱལ་མཚན་ལུ་ཡང་ བཀྲིས་ལེགས་དར་ གནང་ཡོདཔ་ད་ ཀུན་ལེགས་རྒྱལ་མཚན་དེ་ ཧེ་མའི་རྒཔོ་ དགོངས་ཞུ་འབད་བའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ དུས་མིན་བཙག་འཐུའི་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
དེ་ཡང་ ས་གནས་གཞུང་དེ་ མི་སེར་གྱི་ མཐའ་དོན་ལུ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ མི་དབང་རྒྱལ་པོ་མཆོག་གིས་ རྒཔོ་ཚུ་ལུ་ ལེགས་དར་ཚུ་ གནངམ་ཨིན་པའི་གནས་ཚུལ།

Please follow and like us: