ལི་བི་ཡའི་ རྒྱལ་ཁབ་ནང་ ཆུ་རུད་དང་ རླུང་འཚུབ་ལུ་བརྟེན་ཏེ་ མི་གྲངས་ ༢,༠༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ ལི་བི་ཡའི་ རྒྱལ་ཁབ་ནང་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཁར་ མེ་ཌི་ཊེ་རི་ནི་ཡཱན་ལས་ ཆུ་དང་ རླུང་འཚུབ་ཀྱིས་ ཆུ་བྱག་དང་ སྒྲིང་ཁྱིམ་ཚུ་ཡང་ ཕྱགས་བདའ་ཡོདཔ་ལས་ མི་གྲངས་ ༢༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ཌེར་ན་ཁྲོམ་གྱི་ ས་ཁོངས་བཞི་དཔྱ་ ༡ དེ་ཅིག་ཡང་ མེདཔ་བཏང་ནུག།
དེ་ཡང་ ཆུ་བྱག་ཚུ་ མེདཔ་བཏང་མི་ལུ་བརྟེན་ཏེ་ ཆུ་སྦོམ་སྦེ་ར་ ཞལ་འོང་ནི་དེ་གིས་ མི་རློབས་ ༡༢༥,༠༠༠ དེ་ཅིག་ཡོད་མི་ ཌེར་ན་ཁྲོམ་གྱི་ སྒྲིང་ཁྱིམ་ཚུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཁར་ འཁོར་ལམ་ཚུ་ཡང་ འདམ་དང་ རྡོ་ཧྲུག་ཚུ་གིས་ གང་ཡོདནཔ་ལས་ སྣུམ་འཁོར་ཚུ་ མགོ་མཇུག་སློག་སྟེ་ ལུས་ཡོདཔ་ཨིན་པས།
ཞི་བའི་མཁའ་འགྲུལ་ལྷན་ཁག་གི་བློན་པོ་ ཧི་ཅེམ་ཨ་བུ་ཅི་ཀུ་ཝཱཏ་གིས་ རྒྱ་མཚོའི་ནང་དང་ གཤོང་ཚུ་གིས་གཙོས་པའི་ སྒྲིང་ཁྱིམ་འགྱེལ་འགྱོ་མི་ཚུ་གི་འོག་ལུ་ མི་རོ་གིས་ གང་སྟེ་ཡོད་པའི་ཁར་ ཌེར་ན་ཁྲོམ་གྱི་ ས་ཁོངས་བཞི་དཔྱ་ ༡ དེ་ཅིག་ཡང་ མེདཔ་བཏང་ནུག་ཟེར་བཤད་ནུག།
དེ་བཟུམ་སྦེ་ ལི་བི་ཡའི་ ཤར་ཕྱོགས་ཁྲོམ་ཚོགས་ བེང་ག་ཟི་ཟེར་མི་ལུ་ཡང་ ཆུ་རུད་དང་ རླུང་འཚུབ་ཀྱིས་ གནོད་སྐྱོན་བྱུང་ཡོདཔ་ད་ རྒྱལ་སྤྱི་རེཌ་ཀོ་རོཛ་སྡེ་ཚན་གྱི་འགོ་འཛིན་ ཏ་མེར་ར་མ་དཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ མི་གྲངས་ལེ་ཤ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ལས་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ཧ་ལམ་མི་གྲངས་ ༡༠,༠༠༠ དེ་ཅིག་ལུ་ བཤེད་དོ་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་ལས་དོན་དང་ གློ་བུར་གདོང་ལན་སྡེ་ཚན་ཚུ་གིས་ རྐྱེན་ངན་དེ་ནང་ ཕན་གྲོགས་ཀྱི་ ལཱ་ཚུ་འབད་དོ་ཡོད་པའི་ཁར་ ཊར་ཀི་རྒྱལ་ཁབ་ཀྱིས་གཙོས་པའི་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་ལས་ཡང་ རྐྱེན་ངན་བྱུང་སའི་ ས་ཁོངས་དེ་ནང་ གྲུ་ཆུང་དང་ ཉེན་སྐྱོབ་སྣུམ་འཁོར་ དེ་ལས་ གློག་མེ་བཏོན་འཕྲུལ་དང་ བཟའ་འཐུང་ཚུ་གི་ གྲོགས་རམ་འབད་མི་ སྡེ་ཚན་ཚུ་ བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: