བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཚོང་ཁང་བརྒྱ་ཕྲག་སྦེ་ མེ་གིས་འཚིགས་ཡོདཔ།

ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༩ པའི་ཚེས་ ༡༤ གི་དྲོ་པར་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀའི་ཚོང་ཁྲོམ་ མོ་ཧ་མཱད་པུར་ལུ་ མེ་རྐྱེན་བྱུང་མིའི་ནང་ ཚོང་ཁང་བརྒྱ་ལས་བཅད་དེ་ འཚིགས་ཡོདཔ་ད་ མེ་རྐྱེན་དེ་ཡང་ ཚོང་ཁང་ཚུ་ སྒོ་མ་ཕྱེ་བའི་ཧེ་མར་ བྱུང་ཡོདཔ་ལས་ མི་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པས།
མེ་རྐྱེན་སྲུང་སྐྱོབ་འགོ་དཔོན་ ཤ་ཇ་ཧཱན་སིག་དར་གྱིས་ མེ་རྐྱེན་དེ་ གློག་ཐག་ཕན་ཚུན་རེག་མི་ལུ་བརྟེན་ཏེ་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ བཤད་ཡོདཔ་ད་ ཚོང་ཁང་དེ་ཚུའི་ནང་ འཇམ་ཏོང་ཏོ་སྦེ་ མེ་ཟུན་ཚུགས་མི་ མར་ཁུ་དང་ གྱིབ་ཤོག་ཚུ་ཡོད་ནི་དེ་གིས་ མེ་ཤུགས་སྦེ་ར་ འབར་ཡོདཔ་ལས་ བསད་ཚུགས་ཚུགས་ལུ་ དུས་ཡུན་ཆུ་ཚོད་ ༦ དེ་ཅིག་འགོར་ནུག།
ཚོང་ཁང་གི་ ཇོ་བདག་ཅིག་གིས་ ཁོ་གི་ཚོང་ཁང་དེ་ མེ་རྐྱེན་གྱིས་ ཐལཝ་ལུ་གྱུར་སོངཔ་ལས་ བཟའ་ཚང་ག་དེ་སྦེ་ སྐྱོང་ནི་ཨིན་ན་ མ་ཤེས་ཟེར་ བཤད་ཡོདཔ་ཨིན་པས།
ཌ་ཀ་དེ་ མི་དང་ སྡོད་ཁྱིམ་ཚུ་ སྤུངས་ཏེ་ཡོད་པའི་ ས་ཁོངས་ཅིག་ཨིནམ་ལས་ འཕྲལ་ཁམས་ཅིག་ཁར་ཡང་ སྒྲིང་ཁྱིམ་ལེ་ཤ་ཅིག་ར་ བཟོ་བསྐྲུན་འབད་དེ་ཡོད་རུང་ སྒྲིང་ཁྱིམ་དེ་ཚུའི་ནང་ མེ་རྐྱེན་སྲུང་སྐྱོབ་ཀྱི་རིམ་ལུགས་ཚུ་ ལེགས་ཤོམ་མེདཔ་ལས་ འཕྲལ་འཕྲལ་སྦེ་ར་ མེ་རྐྱེན་བྱུངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: