བྱང་ཀོ་རི་ཡ་དང་ ར་ཤི་ཡའི་ དབུ་ཁྲིད་ ༢ ཀྱི་བར་ན་ གོ་མཚོན་ཚོང་འབྲེལ་གྱི་གསུང་གྲོས།

བི་བི་སི།
བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་དེ་ མཚོན་ཐུབ་ཅན་གྱི་ ཁོ་རའི་སྒེར་གྱི་ རེལ་ལིའི་ནང་སྦེ་ ར་ཤི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོདཔ་བཞིན་དུ་ ར་ཤི་ཡའི་སྲིད་འཛིན་ ཝལ་ཌི་མིར་ པུ་ཊིན་དང་གཅིག་ཁར་ གོ་མཚོན་ཚོང་འབྲེལ་གྱི་སྐོར་ལས་ གསུང་གྲོས་གནང་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ བོཛ་ཊོག་ནི་ མཁའ་དབྱིངས་ལྟེ་བའི་ནང་སྦེ་ མཇལ་ཕྲད་མཛད་པའི་ཤུལ་ལས་ སྲིད་འཛིན་པུ་ཊིན་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དྲག་དམག་མཉམ་འབྲེལ་གྱི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལུ་ འཕྲུལ་སྐར་གོང་འཕེལ་གྱི་དོན་ལས་ གྲོགས་རམ་འབད་ནི་གི་ གསུང་གྲོས་ཡང་ བྱུང་ཡི་ཟེར་ཨིན་པས།
གནད་དོན་དེ་ལུ་ ཡུ་ཨེཛ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ རྒྱབ་སྐྱོར་གྱི་དོན་ལས་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ གོ་མཚོན་ཚུ་ ཉོ་ནི་སྦེ་ཨིན་པའི་ཁར་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལུ་ འཕྲུལ་སྐར་གོང་འཕེལ་གྱི་དོན་ལས་ གྲོགས་རམ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ལྷན་ཚོགས་ཀྱི་ གྲོས་ཆོད་དང་ཡང་ འགལ་བ་ཨིན་པའི་ ཉེན་བརྡ་འབད་ནུག།
ཀིམ་གྱི་ཁ་ཐུག་ལས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ རྒྱབ་སྐྱོར་ཡོད་དོ་བཟུམ་མའི་ བརྡ་སྟོན་འབད་ཡོདཔ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ པུ་ཊིན་གྱིས་ སེམས་ཐག་བཅད་མི་ཚུ་ལུ་ ཁོ་གི་ཁ་ཐུག་ལས་ཡང་ རྒྱབ་སྐྱོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ད་རེས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ ཚོང་འབྲེལ་བཟུམ་མའི་ བཀག་དམ་ཚུ་འབདཝ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་དང་ མཐུན་ལམ་ལེགས་ཤོམ་མེད་པའི་ གནས་སྐབས་ནང་ དབུ་ཁྲིད་ ༢ རང་སོའི་འགོ་དཔོན་ཚུ་ཁྱིད་དེ་ མཇལ་ཕྲད་མཛད་ཡོདཔ་མ་ཚད་ ག་གིས་ཡང་ གཟིགས་སྐོར་གནང་ནི་མེད་པའི་ བྱང་ཀོ་རི་ལུ་ ར་ཤི་ཡའི་ སྲིད་འཛིན་དེ་ལུ་ མགྲོན་བརྡ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: