རྒྱ་གར་ལུ་ ནི་པ་ཟེར་མི་ ནད་འབུབ་ཐོན་ཡོདཔ་ལས་ ཕོཝ་མ་ཀེ་དང་ ཤིང་འབྲས་ཚུ་ལུ་བརྟག་དཔྱད།

རོའི་ཊརཛ།
རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལ་ལུ་ ནི་པ་ཟེར་མི་ ནད་འབུབ་ལུ་བརྟེན་ཏེ་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ས་ཁོངས་དེ་ནང་ མཁས་མཆོག་ཚུ་གིས་ ཕོཝ་མ་ཀེའི་ ཆབ་གསང་དང་ ཤིང་འབྲས་ཚུ་གི་ དཔེ་ཚད་ཚུ་ བརྟག་དཔྱད་ཀྱི་དོན་ལས་ བསྡུ་ལེན་འབདཝ་ཨིན་པས།
དེ་ཡང་ མངའ་སྡེ་དེ་ནང་ སྤྱི་ལོ་ ༢༠༡༨ ལས་ཚུར་ ནད་འབུབ་དེ་ ལན་ཐེངས་ ༤ དེ་རེ་ ཐོན་ཡོད་རུང་ ནད་ཡམསའབུབ་དེ་ལུ་ སྨན་ཁབ་མེདཔ་ད་ ནད་འབུབ་དེ་ ཕོཝ་མ་ཀེ་དང་ ཕགཔ་ དེ་ལས་ ནད་འབུབ་ཐོབ་མི་ མིའི་གཟུགས་ཀྱི་ ཁུ་བ་ཚུ་བརྒྱུད་དེ་ སྤེལ་དོ་ཡོདཔ་ལས་ ནད་འབུབ་ཐོབ་མི་ བརྒྱ་ཆ་ ༧༥ དེ་རེ་ལུ་ ཤི་རྐྱེན་བྱུངམ་ཨིན་པས།
ནད་འབུབ་དེ་ལུ་བརྟེན་ཏེ་ ཤི་རྐྱེན་དང་པ་བྱུང་མི་ གཡུས་ཚན་མ་རུ་ཐཱོན་ཀ་ར་ལུ་ རིགས་མ་འདྲ་བའི་ ཕོཝ་མ་ཀེ་ཚུ་ཡོད་མི་ ནགས་ཚལ་ཨེ་ཀར་ ༣༠༠ འབད་མིའི་ནང་ལས་ ཕོཝ་མ་ཀེ་གིས་གཙོས་པའི་ སེམས་ཅན་ཚུ་གི་ ཆབ་གསང་དང་ ཤིང་འབྲས་བཟའ་འཕྲོ་ཚུ་ དཔེ་ཚད་སྦེ་ བསྡུ་ལེན་འབད་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༨ ལུ་ ནགས་ཚར་དེ་ནང་གི་ ཤིང་འབྲས་ཟ་མི་ ཕོཝ་མ་ཀེ་ཚུ་ལུ་ བརྟག་དཔྱད་འབདཝ་ད་ ནི་པ་ནད་འབུབ་ཡོདཔ་སྦེ་ ཐོན་ནི་དེ་གིས་ཨིན་པས།
ད་རེས་ མི་གྲངས་ ༨༠༠ དེ་ཅིག་ལུ་ བརྟག་དཔྱད་འབདཝ་ད་ མི་ ༧༧ ལུ་ ཉེན་ཁ་ཆེ་དྲགས་ཡོདཔ་སྦེ་ཨིནམ་ད་ ཀོ་ཞི་ཀོ་ཌེ་ཟེར་མི་ ས་ཁོངས་ནང་གི་ ན་ལོན་ ༢ དང་ ཨ་ལོ་ ༡ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་པའི་ཤུལ་ལས་ སྨན་ཁང་ནང་ བརྟག་ཞིབ་ཐོག་ལུ་ བཞག་ཡོདཔ་ཨིན་པས།
ཀི་ཞི་ཀོ་ཌེ་ལུ་ གཡུས་ཚན་ཁག་ ༩ གི་ མི་མང་ཡིག་ཚང་དང་ གཞུང་གི་སྒྲིང་ཁྱིམ་ ཤེས་ཡོན་ལྟེ་བ་ ཆོས་སྡེའི་གཙུག་སྡེ་ཚུ་ག་ར་ སྒོ་བསྡམས་ཏེ་ བཞག་ཡོདཔ་མ་ཚད་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ མི་མང་སྐྱེལ་འདྲེན་ཚུ་ཡང་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
ནད་འབུབ་དེ་གིས་ སེམས་ཅན་རིགས་མ་འདྲཝ་ཚུ་ལུ་ འབུ་དོ་ཡོདཔ་ལས་ ཐད་ཀར་དུ་ སེམས་ཅན་དེ་ཚུ་དང་ འབྲེལ་བ་འཐབ་མི་དང་ ཡང་ཅིན་ སེམས་ཅན་དེ་ཚུ་གིས་ བཙོག་པ་བཟོ་སྟེ་ཡོད་མི་ བཟའ་ཆས་ཚུ་ལས་ ནད་འབུབ་དེ་ ཐོབ་ནི་དེ་གིས་ ཀེ་ར་ལ་ལུ་ ནད་འབུབ་དེ་ འགོ་དང་པ་ཐོནམ་ད་ མི་གྲངས་ ༢༣ ལུ་ ནད་འབུབ་དེ་ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་ ༢༡ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: