
དུས་ཅི་ སྤྱི་ལོ་ ༢༠༢༣ ལོའི་ འབྲུག་གི་རྒྱལ་འཛིན་ ས་ཁ་མཐོ་སའི་ དུས་སྟོན་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ དང་ ༢༤ ལུ་ ཨ་རྟག་བཟུམ་སྦེ་ མགར་ས་རྫོང་ཁག་ ལ་ཡག་ལུ་སྦེ་ བརྩི་སྲུང་འབད་ནི་ཨིན་པས།
དེ་ཡང་ འབྲུག་གི་ས་ཁ་མཐོ་སའི་ མི་སེར་ཚུ་གི་ འཚོ་བ་སྐྱོང་ཐངས་དང་ ལམ་སྲོལ་ཚུ་ གོང་འཕེལ་བཏང་ནི་དང་ ཉམས་སྲུང་འབད་ཐོག་ལས་ ཁོང་གི་དཔལ་འབྱོར་ལུ་ རྒྱབ་སྐྱོར་འབད་ནི་དང་ ས་ཁ་མཐོ་སའི་ ཡ་མཚན་ཅན་གྱི་ མཛེས་ཆ་ཚུ་ འགྲེམ་སྟོན་འབད་ཐབས་ལུ་ཨིན་ཟེར་ བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
ཉིན་གྲངས་ ༢ ཀྱི་ དུས་སྟོན་དེ་ནང་ ལ་ཡགཔ་ཚུ་གིས་ གྱོན་ཆས་ཀྱིས་གཙོས་པའི་ ལམ་སྲོལ་ཅན་གྱི་ ལས་རིམ་ཚུ་ གསལ་སྟོན་འབད་ནི་དང་ སྒོ་ནོར་ གཡག་དང་ རྟ་ རོ་ཁྱི་ཚུ་གི་ འགྲེམ་སྟོན་ཡང་ འགོ་འདྲེན་འཐབ་ནི་དང་གཅིག་ཁར་ ལ་ཡག་པའི་ ཐགས་རིགས་དང་ ལ་ནོར་གྱི་དར་ཚིལ་ དེ་ལས་ ལ་མར་དང་ ཆང་ཚུ་གི་ བཟའ་ཆས་ཚུ་ཡང་ འགྲེམ་སྟོན་འབད་ནི་ཨིན་པས།
དུས་སྟོན་དེ་ནང་ ལས་རིམ་གཙོ་བོ་ཅིག་ དཔོན་འཇོ་ཐང་ལས་ འགོ་བཙུགས་ཏེ་ འཁོར་ལམ་མཇུག་ཚུན་ལུ་ ཀི་ལོ་མི་ཊར་ ༢༥ གི་ བང་རྒྱུགས་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་ བང་རྒྱུགས་ཀྱི་ལམ་དེ་ མོ་ཆུ་བདའ་སྟེ་ཕོག་ཡོདཔ་ད་ དུས་སྟོན་གཟིགས་པར་ བྱོན་མི་ཚུ་གིས་ ལ་ཡགཔ་བཟའ་ཚང་དང་གཅིག་ཁར་ གཡུས་ཚན་བདའ་སྟེ་ བཞུགས་ནི་གི་ གོ་སྐབས་ཚུ་ཡང་ ལེན་ཚུགས་ཟེར་བཀོད་ནུག།
དེ་མ་ཚད་ ཁོང་གི་རྒྱན་ཆ་ཚུ་ བརྒྱན་ནི་དང་ བཟའ་འཐུང་སྤྱོད་ནི་ དེ་ལས་ མཐའ་བསྐོར་ཏེ་ཡོད་མི་ གངས་རི་ཚུ་བདའ་སྟེ་ ལམ་འགྲུལ་འབད་ནི་གི་ གོ་སྐབས་ཚུ་ཡང་ཡོད་ཟེར་ཨིན་པས།
དགའ་ས་རྫོང་ཁག་གི་ འོག་ལུ་ཚུད་མི་ ལ་ཡ་དེ་ རྒྱ་མཚོ་ལས་ ས་ཁ་མཐོ་ཚད་ མི་ཊར་ ༡,༥༠༠ ལས་ ༤,༥༠༠ ཚུན་ཡོདཔ་ད་ དགའ་ས་རྫོང་ཁག་ཧྲིལ་བུར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གླིང་གའི་ནང་ ཚུད་དོ་ཡོདཔ་ལས་ རི་དྭགས་སེམས་ཅན་ སྤྱི་རིགས་སྣ་ཚོགས་ཡང་ མཐོང་ཚུགསཔ་ཨིན་པའི་གནས་ཚུལ།





Users Today : 2018
Users Yesterday : 3875
This Month : 81573
This Year : 518566
Total Users : 1230382
Views Today : 3820
Total views : 3284534
Who's Online : 15