འབྲུག་གིས་ ཡུན་བརྟན་ཅན་གྱི་ འགྲོ་ཡུལ་དགའ་ཤོས་ཀྱི་ རྟགས་མ་ཐོབ་ཡོདཔ།

སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༩ པའི་ཚེས་ ༡༤ རྒྱ་གར་མུམ་བའི་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱི་བདེ་ཉམས་དུས་དེབ་ གོ་ལོ་བཱལ་ སི་པ་ མེ་ག་ཟིན་ཟེར་མིའི་ དེབ་ལྷག་གདམ་ཁའི་དབྱེ་ཁག་ནང་ལས་ འབྲུག་གི་ཡུན་བརྟན་ཅན་གྱི་ འགྲོ་ཡུལ་དགའ་ཤོས་ཀྱི་ རྟགས་མ་ཐོབ་ནུག།
དེ་ཡང་ བདེ་ཉམས་དང་ འཚོ་བ་སྐྱོང་ཐངས་ཀྱི་ དུས་དེབ་དང་ ཨང་གནས་ཅན་གྱི་ གྲོས་གནས་ཅིག་ཨིན་མི་དེ་ རྒྱ་གར་ལུ་ བདེ་ཉམས་སྐོར་ལས་ དཔེ་བསྐྲུན་སྦོམ་ཤོས་ཨིན་པས།
དེ་བཟུམ་མའི་ རྟགས་མ་ཚུ་ཡང་ ཕྱོགས་རིས་འོས་འབབ་ ངེས་བདེན་ཡོད་མི་ལུ་ འཐོབ་ནིའི་དོན་ལས་ ཨེམ་ཇི་སི་ གོ་ལོ་བཱལ་ རིཛ་ ཨེཌ་བའི་སོ་རི་ཟེར་ རྒྱལ་སྤྱི་ཉེན་ཁའི་ གྲོས་སྟོན་གྱིས་ རྩིས་ཞིབ་འབད་ཡོདཔ་ད་ ལྷག་དེབ་གདམ་ཁའི་ དབྱེ་ཁག་ནང་གི་ རྟགས་མ་ཐོབ་མི་ཚུ་ཡང་ འདས་པའི་ཟླཝ་ཚུ་ནང་ མི་མང་ཚོགས་རྒྱན་གྱི་སྒོ་ལས་ གྲོས་ཐག་བཅད་ནུག།
དུས་སྟོན་སྐབས་ལུ་ དུས་དེབ་དཔར་བསྐྲུན་འབད་མི་ པ་རི་ནིཏ་ སེ་ཐི་གིས་ འབྲུག་འདི་ ཡུན་བརྟན་གྱི་ཐེད་ཁར་ རྒྱ་གར་དང་ རྒྱལ་སྤྱི་ལུ་ དཔེ་སྟོན་རུང་བའི་ རྒྱུད་བསྐུལ་གྱི་ འབྱུང་གནས་ཅིག་ཨིནམ་ལས་ ད་རེས་ཀྱི་ རྟགས་མ་དེ་ ཡུན་བརྟན་གྱི་དོན་ལས་ འབྲུག་རྒྱལ་ཁབ་ཀྱིས་ བརྩོན་ཤུགས་བསྐྱེད་མི་ལུ་ དེབ་ལྷག་མི་ཚུ་གི་ བརྩེ་བའི་རྟགས་མཚན་ཆུང་ཀུ་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ རྒྱལ་སྤྱི་བདེ་ཉམས་ཀྱི་ རྟགས་མའི་གྲས་ལས་ ང་བཅས་ལུ་ ཡུན་བརྟན་ཅན་གྱི་ འགྲོ་ཡུལ་དགའ་ཤོས་སྦེ་ ངོས་ལེན་གྲུབ་ཡོདཔ་ལས་ དཔའ་ཉམས་སྦོམ་ར་ བྱུང་ཡི་ཟེར་བཤད་ནུག།
རྟགས་མ་འདི་ ང་བཅས་ཀྱི་ ཁྱད་ཆོས་ཅན་གྱི་ལྟ་བ་ གནས་གོང་མཐོ་ཤོས་དང་ འབོར་ཚད་དམའ་སུ་ཟེར་མི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ རྟགས་མཚན་ཨིན་ པའི་ཁར་ ང་བཅས་ཀྱིས་ ལྟ་བ་འདི་ལུ་ བརྩི་མཐོང་བསྐྱེད་དེ་ འབྲུག་རྒྱལ་ཁབ་འདི་ ཡུན་བརྟན་ཅན་བཟོ་ནི་གི་ དམིགས་དོན་འགྲུབ་ཐབས་ལུ་ ཐང་ཆད་ནི་མེད་པའི་ བརྩོན་ཤུགས་བསྐྱེད་ནི་གི་ ཁས་ལེན་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

Please follow and like us: